གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས།
ད་རེས་ བཟོ་སྐྲུན་ས་ཁོངས་ནང་ ལས་མི་༡༤༠ དེ་ཅིག་ལས་མེད་མི་དེ་ དགོས་མཁོ་དང་འཁྲིལཝ་ད་ བརྒྱ་ཆ་༢༠ དེ་ཅིག་གིས་ མི་ལང་དོ་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ མ་ཐོན་ཚུན་ཚོད་ བཟོ་སྐྲུན་གྱི་ལཱ་ཚུ་ ལེགས་ཤོམ་སོང་ཡོདཔ་ཨིན་པས།
ལས་འགུལ་གྱི་ འཛིན་སྐྱོང་པ་ སངས་རྒྱས་ཀུན་དགའ་གིས་ སླབ་མིའི་ནང་ ནད་ཡམས་དེ་གིས་ འདས་པའི་ཟླཝ་༤ གི་རིང་ ལཱ་གི་གྲུབ་འབྲས་ བརྒྱ་ཆ་༥༠ དེ་ཅིག་ ཐོ་ཕོག་ཅི་ཟེར་ཨིནམ་ད་ ཅ་ཆས་ཚུ་ཡང་ སྤྱི་ཟླ་༦ པའི་ནང་རྐྱངམ་གཅིག་ ཐོབ་ཡོདཔ་མ་ཚད་ ལག་རྩལ་ཅན་གྱི་ ལས་མི་ཚུ་ཡང་ ལངམ་སྦེ་མེད་ཟེར་ཨིན་པས།
སངས་རྒྱས་ཀུན་དགའ་གིས་ རྒྱལ་ཁབ་ནང་ལུས་མི་ ལག་རྩལ་ཅན་གྱི་ ལས་མི་ཚུ་ ལོག་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ བཤད་པའི་ཁར་ ལས་མི་ཚུ་ ལོག་ཁྱིམ་ནང་ འགྱོ་ནི་ལུ་འཚབ་སྟེ་ ཐོབ་མ་ཚུགསཔ་མ་ཚད་ ནང་འཁོད་ཀྱི་ ལས་མི་ཚུ་གིས་ ལྕགས་ཀྱི་ལཱ་འབད་མི་ཤེས་པས་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ལས་འགུལ་གྱིས་ ལས་མི་ལག་ཤེས་ཅན་ ལངམ་མེད་པའི་ དཀའ་ངལ་སེལ་ནིའི་དོན་ལུ་ ཐབས་ཤེས་ཅིག་ བཏོན་དོ་ཡོདཔ་ད་ ནང་འཁོད་ལས་མི་ཚུ་གིས་ ལྕོགས་གྲུབ་གོང་འཕེལ་གཏང་ནི་དང་འབྲེལ་ རྫོང་གི་ཁང་ཚན་༡༣ ཡོད་ས་ལས་༣ རྐྱབ་ནི་ཨིནམ་ལས་ རྩི་ས་དང་ལྕགས་ཀྱི་ལཱ་ནང་ ལག་རྩལ་ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ནང་འཁོད་ལས་མི་ མང་ཤོས་ཅིག་ལུ་ ཤིང་བཟོ་དང་ རྡོ་བཟོའི་ལག་རྩལ་ཡོད་རུང་ ལྕགས་ལཱ་ནང་ ལག་རྩལ་དང་ ཉམས་མྱོང་མེདཔ་ད་ ཁོང་གིས་ རྒྱ་གར་གྱི་ ལས་མི་ཚུ་བཟུམ་སྦེ་ རབ་སྡེ་གྲྭ་ཚང་གི་ ཁང་ཚན་བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ ལྕོགས་གྲུབ་གོང་འཕེལ་གྱི་ ཐབས་བྱུས་ནང་ ད་ཚུན་ འབྲུག་གི་ལས་མི་༡༥ གིས་ བཅའ་མར་གཏོགས་དོ་ཡོད་རུང་ ལས་འགུལ་གྱིས་ ཉམས་མྱོང་ཅན་དང་ ལག་རྩལ་ཅན་གྱི་ ལས་མི་ཚུ་ བདག་སྲུང་འབད་མ་ཚུགས་མི་དེ་ཡང་ ལག་རྩལ་ཐོབ་ཞིནམ་ལས་ གླ་འཐུས་མངམ་སྤྲོད་མི་ ལཱ་གཞན་ནང་ འགྱོ་དོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ ལས་མི་ཚུ་ལུ་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༢༡༥ དང་༤༨༦ གི་བར་ན་ སྤྲོད་དོ་ཡོདཔ་མ་ཚད་ ལག་རྩལ་ཅན་གྱི་ ལས་མི་ཚུ་ལུ་ བཟོ་རིག་༡༣ གྱི་འཐུས་ བྱིན་དོ་ཡོདཔ་ཨིན་པས།
སངས་རྒྱས་ཀུན་དགའ་གིས་ སླབ་མིའི་ནང་ རྒྱ་གར་རྒྱལ་ཁབ་འཕྲོ་མཐུད་དེ་ར་ སྒོ་བསྡམས་ལུས་པ་ཅིན་ ལག་རྩལ་ཅན་གྱི་ ལས་མི་ཚུ་ ནང་ན་ལེན་མི་ཚུགས་ནི་ཨིནམ་ལས་ བཟོ་སྐྲུན་གྱི་ལཱ་ དུས་ཚོད་ཁར་ མཇུག་བསྡུ་མི་ཚུགས་ནི་བཟུམ་ཡོད་རུང་ གནམ་དགུན་ལུ་ ལཱ་ཤུགས་བཏོན་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་མི་ རྫོང་གསར་བཞེངས་ལས་འགུལ་དེ་ སྤྱི་ལོ་༢༠༢༣ ལུ་ མཇུག་བསྡུ་དགོཔ་ཨིན་པས།
ད་ལྟོ་ རྫོང་གསར་བཞེངས་ཀྱི་ལཱ་ བརྒྱ་ཆ་༣༦ མཇུག་བསྡུ་སྟེ་ མ་དངུལ་བརྒྱ་ཆ་༤༡ ལྷགཔ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ ལས་འགུལ་གྱི་དོན་ལུ་ འཆར་དངུལ་ཐེར་འབུམ་༡ སྔོན་རྩིས་བཏོན་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *