གསར་བྱུང་ལུ་ གཞི་བཙུགས་འབད་མི་ གྲོང་གསེབ་སྨན་ཁང་།

གསར་བྱུང་གི་ གྲོང་གསེབ་སྨན་ཁང་གིས་ མི་སེར་ཚུ་ལུ་ ཕན་ཁྱད་བྱུང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་ གསར་བྱུང་ལུ་ གྲོང་གསེབ་སྨན་ཁང་ཅིག་ གཞི་བཙུགས་འབད་མི་ལུ་བརྟེན་ ཆོས་གདུང་ཀ་ཀ་ནེ་སྤྱི་འོག་གི་ མི་སེར་ཚུ་གིས་ གསོ་བའི་ཞབས་ཏོག་ལེན་ནི་ལུ་ ཕན་ཐོགས་བྱུང་སྟེ་འདུག།

སྤྱི་ལོ་༢༠༡༧ དེ་ཅིག་ཁར་ གཞི་བཙུགས་འབད་མི་ གྲོང་གསེབ་སྨན་ཁང་དེ་གིས་ མི་སེར་ཚུ་ལུ་ ཨ་ལོ་སྐྱེ་བའི་ཞབས་ཏོག་དང་ སྨན་ཁབ་ཀྱི་ གཞི་རྟེན་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༥༡ ལང་མི་ སྐལ་བཟང་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ མགུ་ཏོ་ཅིག་ན་རུང་ ལཱ་ཁག་སྦེ་ མར་ཚ་ལ་སྨན་ཁང་ནང་ འགྱོ་དགོ་ཟེར་ཨིནམ་ད་ གདོང་ལེན་སྦོམ་ཤོས་ར་ གཡུས་ཚན་ནང་ ནདཔ་ཐོན་པའི་སྐབས་ དཔྱ་ཤིང་གུ་བཀལ་ཏེ་ སྨན་ཁང་ནང་ འབག་བསྐྱལ་དགོ་མི་དེ་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དེ་བསྒང་གཡུས་ཚན་ནང་ སོ་ནམ་ཞིང་ལམ་གྱི་ མཐུད་སྦྲེལ་མེདཔ་ལས་ ནདཔ་ཚུ་ དཔྱ་ཤིང་གུ་བཀལ་ཏེ་ ཉིནམ་ལས་བཅད་དེ་ རྐང་སྟོང་སྦེ་ མར་ཚ་ལ་སྨན་ཁང་ནང་ བསྐྱལ་དགོ་ཟེར་ཨིནམ་ད་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ས་རུད་ཆད་ནི་ལ་སོགས་པའི་ ཉེན་ཁ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གསར་བྱུང་ལུ་ གྲོང་གསེབ་སྨན་ཁང་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ཉིནམ་ལས་བཅད་དེ་ རྐང་སྟོང་སྦེ་ འགྱོ་མ་དགོ་པར་ དེ་འཕྲོ་ལས་ གསོ་བའི་ཞབས་ཏོག་ཚུ་ སྤྱོད་ཚུགས་པའི་ཁེ་ཕན་བྱུང་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ནདཔ་ཚབས་ཆེན་སྦེ་འཐོན་རུང་ སྨན་པ་དེ་གིས་ གཡུས་ཚན་ནང་འོང་སྟེ་ ཞབས་ཏོག་ཚུ་ བྱིན་ནི་ཟེར་ཨིན་པས།

གཡུས་མི་གཞན་ཚུ་གིས་ སླབ་མིའི་ནང་ ཧེ་མ་ འཁོར་ལམ་མེད་ནི་དེ་གིས་ ཉིནམ་ལས་བཅད་དེ་ འགྲོ་འགྲུལ་འབད་དགོ་མི་ལུ་བརྟེན་ སྨན་པ་ཚུ་གིས་ གཡུས་ཚན་ནང་ གསོ་བའི་ཞབས་ཏོག་བྱིན་པར་ དེ་ཅིག་ལྷོད་ནི་མེད་རུང་ ད་རེས་ གྲོང་གསེབ་སྨན་ཁང་གི་ སྨན་པ་དེ་གིས་ ཟླཝ་༡ ནང་ཚར་༡ གཡུས་ཚན་ནང་ འོང་ཞིནམ་ལས་ ཞབས་ཏོག་ཚུ་ བྱིན་དོ་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ གྲོང་གསེབ་སྨན་ཁང་དེ་གིས་ མི་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡོད་རུང་ གཡུས་ཚན་ནང་ མང་ཤོས་ར་ མི་རྒན་རྒས་ཚུ་ཡོདཔ་ལས་ ཁོང་གིས་ ཕྱི་པའི་སྨན་ལས་ ནང་པའི་སྨན་བཅོས་ཚུ་ལུ་ གདམ་ཁ་རྐྱབ་ནི་དེ་གིས་ གྲོང་གསེབ་སྨན་ཁང་དེ་ནང་ ནང་པའི་སྨན་བཅོས་ཞབས་ཏོག་ཚུ་ གཞི་བཙུགས་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ད་རེས་ གྲོང་གསེབ་སྨན་ཁང་དེ་ནང་ ཉིན་བསྟར་བཞིན་དུ་ གསོ་བའི་ཞབས་ཏོག་ལེན་མི་ནདཔ་༥ དང་༧ གི་བར་ན་ འོང་དོ་ཡོདཔ་བཞིན་དུ་ སྤྱིར་སྙོམས་ལུ་ ཟླཝ་༡ ནང་ནདཔ་༧༠ དེ་ཅིག་ འོང་དོ་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ གསོ་བའི་འགོ་དཔོན་གོངམ་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ ཆོས་གདུང་ཀ་ཀ་ནེ་སྤྱི་འོག་དེ་ མཐའ་ཟུར་ཨིན་པའི་ཁར་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ལམ་གྱི་དཀའ་ངལ་ལུ་བརྟེན་ མི་ཚུ་གིས་ གསོ་བའི་ཞབས་ཏོག་སྤྱོད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ སྤྱི་ལོ་༢༠༡༧ ལུ་ རྫོང་ཁག་གིས་ དངུལ་ཀྲམ་ས་ཡ་༡.༢ དེ་ཅིག་གི་ཐོག་ལས་ གྲོང་གསེབ་སྨན་ཁང་དེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལས་ཕར་ སྨན་ཁང་ཚུ་ནང་ གསོ་བའི་ཞབས་ཏོག་ཚུ་གི་ སྤུས་ཚད་ཡར་དྲག་གཏང་ནི་དང་ ཞབས་ཏོག་ཚུ་ ཡར་སེང་འབད་དེ་ སྤྲོད་ནི་ཨིནམ་ལས་ ད་རུང་ གྲོང་གསེབ་སྨན་ཁང་གཞི་བཙུགས་འབད་ནིའི་ འཆར་གཞི་མེད་ཟེར་ཨིནམ་ད་ ད་རེས་ རྫོང་ཁག་ནང་ གྲོང་གསེབ་སྨན་ཁང་༣ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། གསར་བྱུང་།

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *