གཤག་བཟོའི་ལཱ་འབད་མི་ ཀརྨ་དབང་ཕྱུག།

གཤག་བཟོ་ལུ་བརྟེན་ མི་སྡེ་ལུ་ཕན་ཐོགས་བྱུང་རུང་ ཤིང་ཆས་ཐོབ་མ་ཚུགས་པའི་གདོང་ལེན།

༉ ལྷུན་རྩེ་རྫོང་ཁག་ནང་ གཤག་བཟོ་རྐྱབ་མི་ ཀརྨ་དབང་ཕྱུག་གཅིག་ལས་བརྒལ་ མེདཔ་ཨིན་པས།
ཁོ་གིས་ སྨིན་རྒྱས་རྒེད་འོག་ སྟོང་གླིང་གཡུས་ཚན་ནང་ གཤག་བཟོ་རྐྱབ་སྟེ་ འཚོ་བ་སྐྱོང་སྡོདཔ་ཨིན་པས།
ཁོ་གི་གཡུས་ངོ་མ་ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་ལས་ཨིན་རུང་ ལོ་༡༥ དེ་ཅིག་གི་ཧེ་མར་ བཀྲིས་གཡང་རྩེ་ལུ་ ཁོ་རའི་གནས་ཚང་དང་ གཉེན་ཡ་བྲལ་འགྱོ་བའི་ཤུལ་ལུ་ ཨ་ལོ་༤ བཀོག་བཞག་སྟེ་ སྨིན་རྒྱས་ལུ་ ཨམ་ཅུངམ་དང་གཅིག་ཁར་ གནས་སྤོ་འོང་ཞིནམ་ལས་ བཤག་བཟོའི་ལཱ་འབད་ནི་ འགོ་བཙུགས་ནུག།
སྐྱེས་ལོ་༤༨ འབད་མི་ ཀརྨ་དབང་ཕྱུག་གིས་ བཀྲིས་གཡང་རྩེ་ལུ་ ཁོ་རའི་ ཕ་བརྒྱུད་བུ་བརྒྱུད་སྦེ་ གཤག་བཟོའི་ལཱ་འབད་སྡོད་པའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ སྟོང་གླིང་གཡུས་ཚན་ནང་ཡང་ ཁོ་རའི་ ཁྱིམ་གྱི་ལྟག་ལུ་ བཟོ་ཁྱིམ་ཆུང་ཀུ་ཅིག་རྐྱབ་ཞིནམ་ལས་ བཤག་བཟོ་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁོ་གིས་ བཀྲིས་གཡང་རྩེ་ལུ་བཟོ་སྲོལ་ཡོད་མི་ གཤག་བཟོའི་རིགས་ཚུ་ སྣ་ཚངམ་སྦེ་ བཟོ་དོ་ཡོདཔ་ད་ དེ་གི་ནང་ལས་ཡང་ མང་ཤོས་ར་ ཟླ་པ་དང་ སྒོག་ཕོར་ ཐོ་བཀོད་ རྩམ་སྡེར་ པད་སྡེར་ བླ་ཕོར་དང་ དགེ་སློང་བཞེས་ཆ་ཚུ་ བཟོ་དོ་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་ མཁོ་ཆས་ཚུ་བཟོ་སྟེ་ ལོ་བསྟར་བཞིན་དུ་ སྦུང་ཚོང་སྦེ་ བཀྲིས་གཡང་རྩེ་ལུ་བཙོངམ་ད་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དང་༢༠༠,༠༠༠ ཀྱི་བར་ན་ བཟོ་ཚུགས་པས་ཟེར་ཨིན་པས།
ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ རང་ཟླ་༡༡ པ་ལས་༡ པ་ཚུན་ ལྦཝ་སྤོག་ཞིནམ་ལས་ ཟླཝ་ཕྱེད་དང་༢ དེ་ཅིག་ ཆུ་ནང་སྦང་ཞིནམ་ལས་ ཟླཝ་༣ པ་ལས་༧ པ་ཚུན་ མཐའ་བཅད་ཀྱི་ལཱ་འབད་དེ་ ཟླཝ་༨ པའི་ནང་ བསེ་རྐྱབ་སྟེ་ སྐམ་བཞགཔ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མ་བཏུབ་རུང་ སྨིན་རྒྱས་རྒེད་འོག་གི་ མི་ཅིག་གིས་ སླབ་མིའི་ནང་ རྒེད་འོག་ནང་ གཤག་བཟོ་འགོ་བཙུགས་པའི་ཤུལ་ལས་ ཁོ་ར་རྐྱངམ་གཅིག་གིས་མ་དོ་བར་ གཡུས་ཁའི་མི་སེར་ཚུ་ལུ་ཡང་ ལྦཝ་སྤོག་སྟེ་ བཙོང་མི་ལུ་བརྟེན་ འོང་འབབ་བཟོཝ་མས་ཟེར་ཨིན་པས།
ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ གཡུས་མི་རེ་གཉིསམ་གིས་ ཁོ་གི་ངོ་ཚབ་སྦེ་ ལྦཝ་འབག་འོང་མི་ཚུ་ལུ་ གླ་འཐུས་སྤྲོད་དེ་ ཁེ་ཕན་བྱུང་ཡོདཔ་ད་ གཡུས་མི་༣ དེ་ཅིག་གིས་ ཁོ་ལས་ གཤག་བཟོ་ལྷབ་ཡོད་རུང་ ད་ལྟོ་ ལེགས་ཤོམ་སྦེ་ ལཱ་འབད་ཚུགས་མི་ མ་ཐོན་ཟེར་ཨིན་པས།
ཨིན་རུང་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ གདོང་ལེན་སྦོམ་ཤོས་ར་ ཤིང་ཐོབ་མ་ཚུགས་པའི་ཁར་ ཤིང་བརྡབ་ནིའི་གནང་བ་ ཐོབ་མ་ཚུགས་ནི་དེ་གིས་ ཧེ་མ་དང་ཕྱདཔ་ད་ ཁེ་སང་དེ་ཅིག་ར་ བཟོ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ད་རེས་ནངས་པར་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པའི་དུས་ཚོད་ལུ་ ཚོང་དང་བཟོ་གྲྭ་དེ་ ལཱ་གཡོག་བྱིན་སའི་ ས་གོ་ངོ་མ་ཅིག་ཨིནམ་ལས་ དེ་ལུ་ གཙོ་རིམ་བཟུང་དགོཔ་ཡོད་རུང་ ད་ལྟོ་ ལཱ་འབད་དགོ་བདེ་ཏོག་ཏོ་ཅིག་ མེད་ནི་དེ་གིས་ གཤག་བཟོ་བརྒྱ་ཆ་༣༠ དེ་ཅིག་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ གཤག་བཟོའི་དོན་ལུ་ ལོ་བསྟར་བཞིན་དུ་ ཤིང་རྩ་བ་༢ ལས་ མ་ཐོབ་ནི་དེ་གིས་ མཁོ་འདོད་དང་འཁྲིལ་ ལང་མ་ཚུགས་པའི་དཀའ་ངལ་ཡོདཔ་མ་ཚད་ ཤིང་ཐོབ་ནིའི་དོན་ལུ་ཡང་ ཆོག་ཐམ་གྱི་ཐོག་ཁར་ ཤིང་ཡོད་སའི་ས་ཁོངས་ནང་ལས་ ས་གནས་ཀྱི་མི་སེར་ཚུ་ལས་ ཚོགས་པ་དང་ རྒེད་འོག་བརྒྱུད་དེ་ ཡི་གུ་ལེན་དགོ་པའི་ཁར་ མངའ་སྡེའི་ནགས་ཚལ་ཡིག་ཚང་ནང་ལས་ གནང་བ་ལེན་ནི་དེ་ཡང་ དུས་ཡུན་རིངམོ་སྦེ་ར་ འགོར་དོ་ཡོདཔ་ལས་ བྱ་སྒོའི་རིམ་པ་ ལེ་ཤ་འདུག་ཟེར་ཨིན་པས།
ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ལྦཝ་ཐོབ་སའི་རྫོང་ཁག་༥ དེ་ཅིག་ལས་མེད་པའི་ཁར་ དེ་ནང་ ལཱ་ཁག་སྦེ་ སྐྱེལ་འདྲེན་གྱི་ཟད་འགྲོ་སྦོམ་བཏང་སྟེ་ལྷོདཔ་ད་ ས་གནས་ཀྱི་མི་ཚུ་གིས་ ཉོགས་བཤད་བཀོད་དེ་ ཤིང་མ་ཐོབ་པའི་དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གྲོང་སྡེ་ནགས་ཚལ་གྱི་ཐད་ལུ་ ཉོགས་བཤད་མེད་རུང་ ས་ཁོངས་གཞན་ནང་ཡོད་པའི་ གཞུང་དབང་ནགས་ཚལ་ནང་གི་ དབང་ཚད་དེ་ གཞུང་གིས་ར་ བཞེས་དགོཔ་འདུག་ཟེར་ཨིནམ་ད་ ཤིང་མ་ལང་པའི་གདོང་ལེན་ལུ་བརྟེན་ ཤིང་རྩ་བ་ཡང་ ཡར་སེང་འབད་དགོཔ་མ་ཚད་ གནང་བ་ཡང་ ཐད་ཀར་དུ་ གནང་དགོཔ་འདུག་ཟེར་ཨིན་པས།
ཀརྨ་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་གི་བཟའ་ཚང་ནང་ ཁོ་ར་བརྩིསཝ་ད་ གཤག་བཟོའི་ལཱ་འབད་དེ་ མི་རབས་༤ སོང་ནུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ལམ་ལུགས་དེ་ དེ་སྦེ་ར་སྡོད་པ་ཅིན་ ལོ་བསྟར་བཞིན་དུ་ ཁྲལ་བཏབ་སྟེ་ གཤག་བཟོ་ལུ་བརྟེན་ མི་ཚེ་སྐྱོང་མི་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། སྨིན་རྒྱས།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *