གཡོ་བཅོམ་འབད་ནིའི་ ཐབས་ལམ་ཨིན་ན?

༉ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ འགན་ཁུར་ངོ་མ་ར་ ཁྲིམས་བཟོ་ནི་དང་ ཁྲིམས་བསྐྱར་ཞིབ་འབད་ནི་ དེ་ལས་ མི་སེར་གྱི་ སྐུ་ཚབ་སྦེ་ སྤྱི་ཚོགས་ནང་ མི་མང་ལུ་བྱུང་མི་ དཀའ་ངལ་དང་གདོང་ལེན་ཚུ་ སེལ་གནང་དགོ་པའི་ གྲོས་འདེབས་ཕུལ་ནི་དེ་ཨིན་མས།

འཐུས་མི་ཚུ་ བཙག་འཐུ་གྲུབ་མི་དེ་ཡང་ མི་སེར་གྱིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཨིན་རུང་ བཙག་འཐུ་གྲུབ་ཚར་ཞིནམ་ལས་ འཐུས་མི་ཚུ་གིས་ ཚོགས་རྒྱན་བཙུགས་མི་ རེ་རེ་བཞིན་དུ་ལུ་ བཀྲིན་བསམ་དགོ་པའི་ འཁྲི་འགན་ཕོགཔ་ཨིན་ན?

འབྲུག་འདི་ ལས་རྒྱུ་འབྲས་ལུ་ ཡིད་ཆེས་ཡོད་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ རང་ལུ་ཕན་གྲོགས་འབད་མི་ལུ་ དགའ་ཚོར་བསྐྱེད་ནི་དང་ བཀྲིན་བསམ་ཤེས་དགོ་ནི་དེ་ འབྲུག་པའི་གཤིས་ལུགས་བཟང་པོ་ཅིག་ཨིན་མས།

འཕྲལ་ཁམས་ཅིག་ལས་ སྤྱི་ཚོགས་ཀྱི་ འཐུས་མི་མང་ཤོས་ཅིག་ལུ་ ཁོང་ལུ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་མི་ཨིན་ཟེར་སླབ་མི་ མང་སུ་ཐོན་དོ་ཡོད་པའི་ ལོ་རྒྱུས་དང་ འཐུས་མི་ཚུ་གིས་ ཞལ་འདེབས་འབད་ནི་དེ་ དུས་རྒྱུན་གྱི་ ལཱ་བཟུམ་ཅིག་ལུ་ འགྱུར་དོ་ཡོདཔ་ཨིན་མས།

དཔེར་ན་ ལྷོ་མཚམས་རྫོང་ཁག་ལས་ གཞུང་སྐྱོང་གི་ འཐུས་མི་ཅིག་ལུ་ ངོ་མ་ཤེས་མི་ བུམོ་ཅིག་གིས་ འཐུས་མི་ཁོ་ར་ བཙག་འཐུ་ནང་ དོ་འགྲན་འབད་བའི་སྐབས་ མོ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་ཡོདཔ་ལས་ མོ་ར་ དངུལ་འབྲེལ་གྱི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ སླབ་མི་ལུ་བརྟེན་ བྱ་ཐབས་མེད་པར་ འཐུས་མི་དེ་གིས་ ངོས་ལེན་འབད་དགོཔ་བྱུང་ནུག།

ད་རུང་ བདུན་ཕྲག་དག་པ་ཅིག་གི་རྒྱབ་ལས་ དབུས་ཕྱོགས་རྫོང་ཁག་གི་ འཐུས་མི་ཅིག་ལུ་ཡང་  བུམོ་དེ་གིས་ར་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་མི་ཨིན་ཟེར་སླབ་སྟེ་ འཐུས་མི་ལས་ དངུལ་གྱི་གྲོགས་རམ་ལེན་སར་མཐོང་ནུག།

འདི་བཟུམ་མའི་ དྲིན་བཀལ་མི་ལུ་ བལྟ་བ་ཅིན་ འཐུས་མི་ཚུ་ སྤྱི་ཚོགས་ནང་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་སྦེ་ འགན་ཁུར་འབག་ནིའི་དོན་ལུ་མེན་པར་ ངོ་རྐྱང་སོ་སོའི་ རང་དོན་འགྲུབ་ཐབས་ལུ་ བཙག་འཐུ་འབད་ཡོདཔ་བཟུམ་དང་ ཚོགས་རྒྱན་བཙུགས་མིའི་ཧོངས་ལས་ ངོ་བཙོང་ནི་དང་ དྲིན་བགྱང་ནི་གི་ རྩིས་རྐྱབ་དོ་བཟུམ་ཅིག་སྦེ་ གསལ་སྟོན་འབདཝ་མས།

ཚོགས་རྒྱན་བཙུགས་མི་ ལ་ལོ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་ཡི་ཟེར་ དྲིན་བགྱང་ཐོག་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ ཏི་རུའི་རྒྱབ་སྐྱོར་དང་ འགྲུལ་འཕྲིན་གྱི་ བསྐྱར་འཐུས་ལེན་མི་དེ་ གཡོ་བཅོམ་འབད་དོ་བཟུམ་ཅིག་ཨིན་མས།

རང་གིས་ ཚོགས་རྒྱན་བཙུགས་མི་དེ་ ངོ་རྐྱང་གི་ མཐའ་དོན་ལུ་མེན་པར་ སྤྱིར་བཏང་མི་སྡེ་དང་ རྒྱལ་ཁབ་ཀྱི་ ཕན་ཐོགས་ནིའི་དོན་ལུ་ཨིནམ་སྦེ་ བསམ་ཤེས་དགོཔ་བཞིན་དུ་ བཅག་འཐུ་གྲུབ་ཚར་ཞིནམ་ལས་ རང་སོའི་འཐུས་མི་ཚུ་གིས་ རྩ་བ་གསུམ་ལུ་ ག་དེ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་ན་ བལྟ་ནི་དང་ མི་སེར་གྱི་ རེ་བ་ལྟར་དུ་ འགན་འཁྲི་འབག་ནི་མེད་པ་ཅིན་ དྲིན་བགྱང་ནི་མེན་པར་ དྲན་གསོ་འབད་དགོ།

ང་བཅས་ཀྱིས་ ཚོགས་རྒྱན་གྱི་ དྲིན་བཀལ་ཡི་ར་ སྡོད་པ་ཅིན་ འཐུས་མི་ཚུ་གིས་ རང་སོའི་འདེམས་ཁོངས་ཀྱི་ གནད་དོན་ཚུ་ལུ་ ཤུགས་བཏོན་མ་ཚུགསཔ་ འགྱོ་ནི་དང་ འགན་འཁྲི་ཚུལ་ལྡན་འབག་ནི་ལུ་ཡང་ བར་ཆད་རྐྱབ་ནི་གི་ ཉེན་ཁ་སྦོམ་ཡོད།

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *