མོན་པའི་བོན་ཆོས་ ཤི་ལ་དུང་ བརྩི་སྲུང་འབད་བའི་བསྒང་།

གཡུས་ཚན་༣ གྱིས་ མོན་པའི་བོན་ཆོས་ ཤི་ལ་དུང་ ཉམས་མ་བཅུག་པར་ གསོལ་དོོ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་འོག་གི་ མོན་པའི་མི་སྡེ་ནང་ ཤི་ལ་དུང་ཟེར་ དམངས་ཀྱི་རིམ་གྲོ་ཅིག་ འབད་སྲོལ་ཡོད་མི་དེ་ཡང་ ལོ་༡ གི་རིང་ རྐྱེན་ངན་བར་ཆད་ཚུ་ལས་ བཟློག་ཐབས་འབད་ནི་དང་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ བསྡུ་ཚུགས་ནིའི་དོན་ལུ་ གསོལཝ་ཨིན་པས།
ཤི་ལ་དུང་ཟེར་ ལོ་བསྟར་བཞིན་དུ་ མོན་པའི་གཡུས་ཚན་ཕུམ་ཟུར་དང་ སྦྱང་སྦིས་ དེ་ལས་ ཝང་ལིང་གིས་ སྤྱི་ཟླ་༡༢ པའི་ནང་འཁོད་ལུ་དང་ གནམ་བྱཱར་གྱི་དུས་ཚོད་ལུ་ ལོ་ཐོག་ཚར་རེ་བསྡུ་བའི་སྐབས་ དམངས་འཛོམས་ཏེ་ ཆོསཔ་དང་ དཔའབོ་ དཔའམོ་ཚུ་ ཞུ་ཞིནམ་ལས་ བརྩི་སྲོལ་ཡོདཔ་ཨིན་པས།
རིམ་གྲོ་འབད་ནིའི་དོན་ལུ་ གཡུས་ཚན་རེ་ལས་ གཉེར་པ་རེ་བཏོན་ཏེ་ ཁྱིམ་གུང་རེ་ལས་ གེ་ཟ་དང་ རེད་བྲེ་༤ དེ་རེ་ བསྡུ་ལེན་འབད་ཞིནམ་ལས་ ཆང་དང་ཆང་བསྐོལ་ཚུ་ བཙོ་དགོཔ་ཨིན་པས།
ཕུམ་ཟུར་དང་ སྦྱང་སྦིས་ དེ་ལས་ ཝང་ལིང་གཡུས་ཚན་༣ གྱི་ མོན་པ་ཚུ་གིས་ དུས་ཚོད་སོ་སོར་ནང་ དམངས་ཀྱི་རིམ་གྲོ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དཔའབོ་དང་ དཔའམོ་ཚུ་ ཕུམ་ཟུར་རྐྱངམ་གཅིག་ལས་ མེདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ རིམ་གྲོ་འབད་ནིའི་དོན་ལུ་ བྱ་དང་ར་ཚུ་ བསད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ སེམས་ཅན་ཚུ་ མ་བསད་པར་ སྒོང་རྡོག་ལག་ལེན་འཐབ་དོ་ཡོདཔ་ད་ རིམ་གྲོའི་མཇུག་ལུ་ རིམ་གྲོ་སྐབས་ལག་ལེན་འཐབ་མི་ ཆུམ་དང་ སྒོང་རྡོག་ཚུ་ མཛར་ཅུམ་འབད་དེ་ བཟའ་དོ་ཡོདཔ་ཨིན་པས།
ཕུམ་ཟུར་ལས་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གི་གཡུས་ཚན་ནང་ དེ་བཟུམ་མའི་ དམངས་ཀྱི་རིམ་གྲོ་ འབད་ནིའི་སྲོལ་དེ་ མ་ཉམས་པར་འབད་དོ་ཟེར་ཨིནམ་ད་ རིམ་གྲོའི་སྐབས་ གཡུས་ཁའི་མི་ཚུ་ག་ར་ གཅིག་ཁར་འཛོམས་ཏེ བརྩིཝ་ཨིན་ཟེར་ཨིན་པས།
དམངས་ཀྱི་རིམ་གྲོ་འབད་བའི་སྐབས་ ཕོ་སྐྱེས་ཚུ་གི་དོན་ལུ་ ཤི་ལ་དུང་དང་ ཨམ་སྲུ་ཚུ་གི་དོན་ལུ་ འཇོ་མ་ཟེར་ འབད་སྲོལ་ཡོདཔ་ད་ འཇོ་མ་དེ་ དང་ཕུ་འབད་བ་ཅིན་ དཔའམོ་ཚུ་གིས་ འབད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ཆོས་སྐྱོང་གི་གྲས་ཁར་བཙུགས་ཏེ་ བླམ་ཆོསཔ་ཚུ་གིས་ གསོལ་ཁ་ཕུལ་དོ་ཡོདཔ་ཨིན་པས།

ངང་ལག་ཤིང་གི་འདབ་མ་ནང་ ཚོགས་ཕུལ་མི་ ཆུམ་དང་སྒོང་རྡོག་ཚུ།

ཨིན་རུང་ ཤི་ལ་དུང་དེ་ མོན་པའི་བོན་ཆོས་སྦེ་ དཔའབོ་ཚུ་གིས་འབད་དོ་ཡོདཔ་ད་ དེ་ཡང་ ཨམ་སྲུ་དང་ ཕོ་སྐྱེས་ཚུ་ སླ་མ་བསྲེས་པར་བཞག་ཐབས་ལུ་ སོ་སོར་སྦེ་ འབད་དོ་ཡོདཔ་ཨིན་པས།
སྦྱང་སྦིས་ཚོགས་པ་ ལྷ་རྗེ་གིས་ སླབ་མིའི་ནང་ ཤི་ལ་དུང་དེ་ གནམ་བྱཱར་དང་ དགུན་གྱི་དུས་ཚོད་ལུ་ ཚར་རེ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ དེ་ཡང་ གནམ་དགུན་འབད་བ་ཅིན་ བྱཱ་རྔ་ཚར་བའི་ཤུལ་དང་ གནམ་བྱཱར་འབད་བ་ཅིན་ གེ་ཟ་དང་ ནག་ཚུ་ འཚོ་པའི་སྐབས་ལུ་དང་ ཤིང་གི་འདབ་མ་ གསརཔ་ཐོན་པའི་སྐབས་ལུ་ འབད་དོ་ཟེར་ཨིན་པས།
རིམ་གྲོ་འབད་བའི་སྐབས་ ཉིནམ་དང་པའི་ནང་ དཔའབོ་ཞུ་བསྐྱལ་དོ་ཡོདཔ་ད་ ཉིནམ་༢ པའི་ནང་ དཔའ་བོ་དེ་གིས་ མོན་པའི་ཆོས་སྐྱོང་ཚུ་ ཞུ་དོ་ཡོདཔ་ད་ དེའི་བསྒང་ དབའ་བོ་གིས་ མི་ཚུ་ལུ་ ཉིནམ་༢ དང་༣ གང་རུང་ཅིག་ ངལ་གསོ་སྡོད་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཆོས་སྐྱོང་ཚུ་ ལོག་མ་འགྱོ་ཚུན་ མི་ཚུ་ ལཱ་ག་ཅི་ཡང་འབད་མ་བཏུབ་སྦེ་ སླབ་དོ་ཡོདཔ་ད་ དེ་བསྒང་ དམིགས་བསལ་དུ་ ཤིང་གི་འདབ་མ་དང་ ཤིང་རློནམ་ཚུ་ བཏོགས་མ་བཏུབ་པའི་ ཡིད་ཆེས་བསྐྱེད་དོ་ཡོདཔ་ལས་ གཡུས་མི་ཚུ་ག་ར་ གཅིག་ཁར་སྡོད་དེ་ སྤྲོ་བ་སྟོན་དོ་ཡོདཔ་ཨིན་པས།
མོན་པའི་གཡུས་ཁར་ ད་རེས་ནངས་པར་ རྐྱེན་ཤི་རིམ་གྲོ་ཚུ་ ས་གནས་ཞན་ཁར་བཟུམ་སྦེ་ བླམ་ཆོསཔ་ཚུ་གིས་ འབད་དོ་ཡོདཔ་ཨིན་རུང་ མོན་པའི་བོན་ཆོས་ ཤི་ལ་དུང་དེ་ སྔར་བཞིན་དུ་ ཉམས་མ་བཅུག་པར་ འབད་དོ་ཡོདཔ་ཨིན་པས།
མོན་པའི་གཡུས་ཁར་ མི་ཚུ་ སྦུལ་གྱིས་སོ་བཏབ་པའི་སྐབས་ དུག་བཏོན་གཏང་ནི་དང་ རྐང་ལག་ཚུ་ བཅགས་དཀྲུམ་འབད་བའི་སྐབས་ སྨན་ཁང་ནང་མ་བསྐྱལ་བར་ གཡུས་ཁ་ལུ་ར་ སྨན་བཅོས་འབད་ཚུགས་པའི་ མི་ཅིག་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༩༠ འབད་མི་ ཨ་རྒས་ཏའུ་ལ་ཨིནམ་ད་ ཁོ་གིས་ ནགས་ཚལ་ནང་ལས་ སྔོ་སྨན་གྱི་རིགས་ཚུ་ བསྡུ་བསྒྱོམ་འབད་ཞིནམ་ལས་ དུག་བཏོན་ནི་དང་ དེ་བཟུམ་སྦེ་ ནོར་སེམས་ཅན་ཚུ་ རྐང་ལག་མེདཔ་ཐལ་བའི་སྐབས་ བཅོ་ཁ་རྐྱབ་དོ་ཡོདཔ་ཨིན་རུང་ ཁོ་ར་ ལོ་ན་རྒས་སོ་ནི་དེ་གིས་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
མོན་པའི་གཡུས་ཁར་ ཨ་རྒས་ཏའུ་ལ་བཟུམ་ཅིག་མེད་པ་ཅིན་ ཁོ་བཟུམ་སྦེ་ བཅོ་ཐབས་འབད་ཚུགས་མི་ ག་ཡང་མེདཔ་ལས་ ས་གནས་ཀྱི་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་པ་ལྷ་རྗེ་གིས་ སླབ་མིའི་ནང་ ཨ་རྒས་དེ་ལུ་ཡོད་པའི་ཡོན་ཏན་ཚུ་ ན་གཞོན་ཚུ་ལུ་ སྤེལ་ནིའི་དོན་ལས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྦྱོང་བརྡར་འགོ་འདྲེན་འཐབ་དགོ་པའི་ ཞུ་བ་འབད་མི་དང་བསྟུན་ རྒྱབ་སྐྱོང་གནང་བའི་ རེ་བ་ཡོད་ཟེར་ཨིན་པས།
ཕུམ་ཟུར་དང་ སྦྱང་སྦིས་ དེ་ལས་ ཝང་ལིང་གིས་ མོན་པའི་བོན་ཆོས་ ཤི་ལ་དུང་དེ་ སྔར་བཞིན་དུ་ ཉམས་མ་བཅུག་པར་ བརྩི་སྲུང་འབད་ཚུགས་མི་དེ་ལུ་ གཡུས་མི་ཚུ་ཡང་ དཔའ་ཉམས་བསྐྱེད་དེ་འདུག་ཟེར་ ཞུ་ནི།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

རྒྱ་འབྲུག་གི་ས་མཚམས་བདའ་སྟེ་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ཏམ་ཁུའི་ནག་ཚོང་ལུ་བརྟེན་ མི་༡༩ འཛིན་བཟུང་འབད་ནུག། ༉ འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ འབུ་ནི་དང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ …

Leave a Reply

Your email address will not be published. Required fields are marked *