ད་ལྟོའི་བར་ན་ཡང་ ལྷ་ཁང་ཉམས་གསོའི་ལཱ་ མཇུག་བསྡུ་མ་ཚུགས་པར་ཡོད་མི་ གཡག་འདུས་དགོན་པའི་ལྷ་ཁང་།

གཡག་འདུས་དགོན་པའི་ ལྷ་ཁང་ཉམས་གསོ་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་ཡོདཔ།

མོང་སྒར་ལྕགས་སི་མཁར་རྒེད་འོག་གི་ མི་དམངས་ལྷ་ཁང་ལུ་ལྟཝ་ད་ སེམས་འཁྲུལ་སི་སི་སྦེ་ མཐོང་གསལ་བྱུང་བའི་ཁར་ ལྷ་ཁང་དེ་ རྩ་བ་ལས་ར་ ཉམས་གསོ་ཞུ་མི་དེ་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་འདུག།

དེ་ཡང་ ད་ལྟོ་ཡོད་པའི་ ལྷ་ཁང་གི་མཐའ་འཁོར་ལུ་ ཐོག་ཚད་༢ འབད་མི་གཟིགས་རས་དང་ ཐོག་ཚད་༣ འབད་མི་འཆམ་ཁང་ ཐོག་གཅིགམ་འབད་མི་ཐབ་ཚང་ དེ་ལས་ དང་ཕུ་བཞེངས་ཡོད་པའི་ ཨྱོན་ནོར་ལྷའི་ལྷ་ཁང་ཚུ་ བརྡལ་བཏང་མི་དེ་ ལོག་གསར་བཞེངས་དང་ ཉམས་གསོ་ཞུ་མ་ཚུགས་པར་ ལུས་མི་ལུ་བརྟེན་ མི་སེར་ཚུ་ སེམས་ཕམ་སྟེ་འདུག།

ཡེ་སྟོང་སྤྱི་འོག་གི་ཚོགས་པ་ བསོད་ནམས་རིན་འཛིན་གྱིས་ སླབ་མིའི་ནང་ ས་གནས་གཞུང་ཐེངས་༢ པའི་ རྒེད་ འོག་ཁྲི་འཛིན་གྱིས་གཙོས་པའི་ འགོ་ཁྲིདཔ་ཚུ་གིས་ མི་སེར་དང་གཅིག་ཁར་ གྲོས་བསྟུན་ག་ནི་ཡང་མ་འབད་བར་ གཟིགས་རས་དང་ ལྷ་ཁང་རྙིངམ་  འཆམ་ཁང་ དེ་ལས་ ཐབ་ཚང་ཚུ་ ས་བཅད་འཕྲུལ་ཆས་ཀྱིས་ ཉིནམ་གཅིག་ནང་ར་ བརྡལ་བཤིག་བཏང་ནུག་ཟེར་ཨིན་པས།

གཟིགས་རས་དང་ ལྷ་ཁང་ འཆམ་ཁང་ དེ་ལས་ ཐབ་ཚང་བརྡལ་བཏང་མིའི་ ཤིང་ཆས་ཚུ་ རུལ་སོ་ནི་དེ་གིས་ ལག་ལེན་འཐབ་མི་བཏུབ་པས་ཟེར་ བསོད་ནམས་རིག་འཛིན་གྱིས་ སླབ་ཨིན་པས།

དགོན་པ་སྤྱི་འོག་ལས་ ཚོགས་པ་བཅོ་ལྔ་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ རང་ཟླ་༥ པའི་ སྤྲེལ་ཟླ་ཚེས་བཅུ་ ཉིནམ་༣ དང་ རང་ཟླ་༡༠ པའི་ཚེས་༡༤ ལས་༡༧ ཚུན་ བདུན་ཕྲག་༡ གི་རིང་ ཚེས་བཅུའི་གར་འཆམ་དང་ ཟླ་རིམ་གྱི་ཚེས་བཅུ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ འཆམ་དང་ ཞབས་ཁྲ་རྐྱབ་མི་ཚུ་ སྡོད་ས་མེད་པའི་ དཀའ་ངལ་བྱུང་སྟེ་ ཡོད་ཟེར་ཨིན་པས།

ལྷག་པར་དུ་ གསུང་ཆོག་གནང་མི་ བླམ་ཆོསཔ་ཚུ་ཡང་ བཞུགས་ས་མེད་པའི་ཁར་ ཐབ་ཚང་དང་ གཟིགས་རས་ཀྱི་ མཐུན་རྐྱེན་ཚུ་མེད་པའི་ དཀའ་ངལ་ལུ་བརྟེན་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ མི་སེར་ཚུ་ བདུན་ཕྲག་ལྷགཔ་ཅིག་གི་རིང་ འུར་ལཱ་རྒྱུག་་དགོཔ་ཐོན་ཏེ་ཡོད་ཟེར་ སླབ་ཨིན་པས།

ཡེ་སྟོང་ཚོགས་པ་ བསོད་ནམས་རིན་འཛིན་གྱིས་ སླབ་མིའི་ནང་ ས་གནས་གཞུང་ཐེངས་༢ པའི་ འགོ་ཁྲིདཔ་ཚུ་གིས་ བརྡལ་ བཤིག་བཏང་མི་ གཟིགས་རས་དང་ འཆམ་ཁང་ དེ་ལས་ ཐབ་ཚང་གི་མཐུན་རྐྱེན་ཚུ་ རྒེད་འོག་གི་ མི་སེར་གུང་པ་༣༠༠ ལྷགཔ་ཅིག་ཡོད་མི་ལས་ གུང་པ་རེ་ལས་ དངུལ་ཀྲམ་༡,༧༥༠ རེ་ བསྡུ་ཞིནམ་ལས་ སྤྱི་ལོ་༡༩༩༢ དེ་ཅིག་ལུ་ གསར་བཞེངས་འབད་ནུག་ཟེར་ཨིན་པས།

ཧེ་མ་ ལྷ་ཁང་རྙིངམ་ནང་ཡོད་མི་ མ་ནི་དུང་འཁོར་སྦོམ་༧ དེ་ཅིག་དང་ མ་ནི་ལག་འཁོར་བརྒྱ་ལྷགཔ་ཅིག་ཡོད་མི་ཚུ་ཡང་ བཞག་སའི་ས་གོ་མེདཔ་ལས་ ལྷ་ཁང་གི་ཟུར་ཁར་ བཞག་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།

ཟད་འགྲོ་བསྡོམས་ དངུལ་ཀྲམ་ས་ཡ་༧ ལྷགཔ་ཅིག་གནས་པའི་ ལྷ་ཁང་དེ་ ལོ་༥ དེ་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ བསྒྲུབ་མ་ཚུགས་པའི་ཁར་ ལྷ་ཁང་ནང་གི་ སྐུ་གསུང་ཐུགས་རྟེན་ཚུ་ཡང་ མཁོ་སྒྲུབ་འབད་མ་ཚུགས་པར་ ཡོདཔ་ཨིན་པས།

མི་སེར་ཚུ་གིས་ ལོ་རྒྱུས་བཤད་མིའི་ནང་ གཡག་འདུས་དགོན་པའི་ལྷ་ཁང་དེ་ དང་ཕུ་ བོད་ལས་ མི་སེར་ཚུ་ ས་གནས་དེ་ཁར་ལྷོད་དེ་ གཞི་བཅགས་པའི་ཤུལ་ལས་ བཞེངས་གནངམ་མ་ཚད་ མི་རྒྱུད་ཚུ་གིས་ ལྷ་ཁང་དེ་ མི་སེར་དམངས་ལུ་ རྩིས་སྤྲོད་འབད་ནུག་ཟེར་ཨིན་པས།

མི་སེར་ཚུ་གིས་ རྩིས་ལེན་པའི་ཤུལ་ལུ་ དམངས་ཀྱི་ལྷ་ཁང་སྦེ་ ཁྲམ་ཡང་ བཀོད་ཡོདཔ་ཨིན་པས།

མི་སེར་ཚུ་གིས་ སྤྱི་ལོ་༢༠༡༤ ལུ་ རྫོང་ཁག་བདག་སྐྱོང་ལུ་ ཉོགས་བཤད་བཀོད་རུང་ ངོས་ལེན་ག་ནི་ཡང་མེདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་འབད་ནིའི་དོན་ལུ་ ཉོགས་བཤད་བཀོད་ཡོདཔ་མ་ཚད་ རྫོང་ཁག་ཁྲིམས་འདུན་ལུ་ཡང་ ཞིབ་དཔྱད་གནང་དགོཔ་སྦེ་ ཡི་གུ་བཙུགས་ཡོདཔ་ཨིན་པས།

སྤྱི་འོག་༢ ཀྱི་ ཚོགས་པ་༢ ཀྱིས་ སླབ་མི་དང་འཁྲིལཝ་ད་ མི་སེར་ཚུ་གི་ཚ་གྱང་ སེལ་ཐབས་ལུ་ ད་རུང་ རྒེད་འོག་བདག་སྐྱོང་གིས་ ལོག་ཞིབ་དཔྱད་འབད་དེ་ ཉོགས་བཤད་བཀག་ཐབས་ཀྱི་དོན་ལུ་ ཞུ་ཡིག་ཕུལ་ནི་ཨིན་པས།

རྒེད་འོག་གི་ རྒཔོ་པདྨ་རྡོ་རྗེ་གིས་ མི་སེར་ཚུ་གིས་ ལོ་རྒྱུས་སྦེ་ ཉོགས་བཤད་བཀོད་རུང་ ཡིག་ཐོག་ལུ་ མ་ ལྷོད་ཟེར་ཨིནམ་ད་ གལ་སྲིད་ ཡིག་ཐོག་ལུ་ལྷོད་པ་ཅིན་ རྒྱབ་སྣོན་ཡི་གུ་ཚུ་ རྒེད་འོག་བདག་སྐྱོང་གིས་ ཞབས་ཏོག་ཕུལ་ནི་སྦེ་ སླབ་མས་ཟེར་ཞུ་ནི་ཨིན།

ལྕགས་སི་མཁར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *