མདའ་རྩེད་འགྲན་བསྡུར་ཅིག་ནང་ མི་རྒོད་ཀྱིས་ འབྲུག་པའི་ཞི་བའི་དམག་མིའི་ སྔར་ཆས་བསྒྲིགས་ཏེ་ དཔའ་གཟར་པའི་ རྣམ་འགྱུར་སྟོན་འགྱོ་བའི་བསྒང་། པར- དྲགོས་དཔལ་འབྱོར་ཇེ་རྡོ་རྗེ།

གཟུགས་སྟོབས་སྦོམ་ཡོད་རུང་ གཤིས་རྒྱུད་ལེགས་ལྡན་ཡོད་མི་ མི་རྒོད་གྱོངས་ཡོདཔ།

༉ སྤྱི་ལོ་༡༩༧༧ ཟླ་༡༢ པའི་ནང་ རྒྱལ་པོའི་སྐུ་སྲུང་དམག་སྡེའི་ སྣུམ་འཁོར་སྡེ་ཚན་ཅིག་ བཀྲིས་སྒང་ལས་འོངམ་ད་ པཱམ་གཡུས་ཚན་ནང་ འཁོར་ལམ་གྱི་སྦུག་ལུ་ར་ སྒོ་ནོར་བ་ཅིག་ སྡོད་མི་ལས་ ལོང་འགྱོ་མ་བཏུབ་ལས་ སྣུམ་འཁོར་རུ་བསྐྱོད་དེ་ བཀག་དགོཔ་བྱུང་ནུག།
དེ་བསྒང་ ཚལ་མ་ནང་ལས་ གཟུགས་ག་ནི་བ་རིང་མི་ ནོར་རྫིཔ་ཕོ་སྐྱེས་ཅིག་ ཐོན་འོང་སྟེ་ ལམ་ཁ་ལས་ བ་བདའ་བཏང་རུང་ སྤར་མ་བཏུབ་ལས་ ནོར་རྫིཔ་དེ་གིས་ མི་དབང་མངའ་བདག་རྒྱལ་པོའི་ རུ་བསྐྱོད་ཨིནམ་ཤེསཔ་ལས་ བ་འཐུ་སྟེ་ ལམ་ཟུར་ཁར་ བཀལ་ཐོག་ལས་ ལམ་བཏང་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ལུ་བརྟེན་ ནོར་རྫིཔ་ཆོས་སྐྱིད་རྡོ་རྗེའི་ མི་ཚེ་དེ་ བསྒྱུར་བཅོས་སོང་མི་དེ་ཡང་ ནོར་རྫིཔ་དེ་ ཁེ་རྒོ་དང་ གཟུགས་སྟོབས་གཞན་དང་མ་འདྲཝ་ཡོདཔ་ གཟིགས་མི་ལུ་བརྟེན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་གི་བསྟན་སྲུང་དམག་སྡེའི་ནང་ དམག་གསར་སྦེ་ གདམ་འཐུ་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༧༨ ལུ་ ཆོས་སྐྱིད་རྡོ་རྗེ་དེ་ དམག་གསར་སྦེ་བཙུགས་པའི་སྐབས་ལུ་ སྐྱེས་ལོ་༢༣ ལང་ཡོདཔ་མ་ཚད་ གཟུགས་རིང་ཚད་ཕིཊ་༦ དང་ཨིན་ཅི་༢ ཡོདཔ་ཨིན་པས།
ཆོས་སྐྱིད་རྡོ་རྗེ་དེ་ གཟུགས་སྟོབས་སྦོམ་ཡོད་པའི་ཁར་ གཟུགས་རིངམོ་སྦེ་ཡོད་མི་ལུ་བརྟེན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྐྱོན་མིང་མི་རྒོད་ཟེར་ བཏགས་གནང་ཡོད་པའི་ ལོ་རྒྱུས་དང་ དེ་ལས་ཚུར་ དམག་སྡེའི་ནང་ མི་རྒོད་ཟེར་ ཡོངས་གྲགས་ཐལ་ཡོདཔ་ད་ དྲག་པོའི་དམག་སྡེའི་ རྩེད་རིགས་སྡེ་ཚན་གྱིས་ མི་རྒོད་ལུ་ བཱསི་ཀེཊ་བཱོལ་རྩེད་ཐངས་ཀྱི་ སྦྱོང་བརྡར་བྱིན་པའི་ཤུལ་ལུ་ མི་དབང་མཆོག་གི་ སྡེ་ཚན་ནང་ བཱསི་ཀེཊ་བཱོལ་རྩེད་མི་སྦེ་ གདམ་འཐུ་འབད་ནུག།
མི་རྒོད་ཀྱིས་ མི་དབང་མཆོག་གི་ སྡེ་ཚན་ནང་ ལོ་ངོ་༢༥ དེ་ཅིག་གི་རིང་ རྩེད་འགྲན་པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
མི་རྒོད་དེ་ གློ་བའི་ཚ་ནད་ཐོབ་མི་ལུ་བརྟེན་ བསམ་རྩེ་སྨན་ཁང་ནང་ དྲག་མ་ཚུགས་པར་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༢༧ གྱི་ཉིན་མར་ གྱོངས་ཡོདཔ་ད་ གྲོང་གཡུས་ལས་ ཐད་ཀར་དུ་དམག་གསར་སྦེ་བཙུགས་མི་ མི་རྒོད་དེ་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ བཱསི་ཀེཊ་བཱོལ་རྩེད་འགྲན་ནང་ ཡོངས་གྲགས་ཐོན་སར་མཐོང་གསལ་བྱུང་མི་ཚུ་གི་དོན་ལུ་ དུས་བསྐལ་ཅིག་ རྫོགས་ཡོད་པའི་ ཚོར་སྣང་ཅིག་ཨིན་པས།
མི་རྒོད་དེ་ སྐྱེས་ལོ་༦༤ ལངམ་ད་ ཚེ་ལས་འདས་ཡོདཔ་ད་ ང་བཅས་ཀྱི་ ཨ་པ་དེ་ དམག་མིའི་ནང་ ག་དེ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་ན་ ང་བཅས་ལུ་ ཤེས་རྟོགས་མེད་རུང་ མི་ཚུ་གིས་ བཀྲིས་སྒང་ལུ་ ནོར་འཚོ་སྟེ་སྡོདཔ་ད་ ཨ་པ་གིས་ བ་འཐུ་སྟེ་ རུ་བསྐྱོད་ལུ་ ལམ་བཏང་པའི་ ལོ་རྒྱུས་བཤད་ནི་འདུག་ཟེར་ ཚེ་འདས་ཀྱི་ བུ་སྦོམ་ཤོས་ སྐྱེས་ལོ་༢༧ ལང་མི་ བཀྲིས་སྟོབས་རྒྱས་དབང་ཕྱུག་གིས་ བཤདཔ་ཨིན་པས།
མ་གཞི་ མི་རྒོད་དེ་ གཟུགས་སྟོབས་དང་ གཟུགས་རིང་ཚད་ལས་འབད་རུང་ གཟུགས་འདྲོག་སི་སི་སྦེ་ མཐོངམ་ཨིན་རུང་ ཁོ་དང་གཅིག་ཁར་ བཱསི་ཀེཊ་བཱེལ་རྩེད་འགྲན་འབད་མི་ཚུ་གིས་ ཉམ་ཆུང་དང་ སེམས་ལེགས་ཤོམ་ དེ་ལས་ ཙིགཔ་ཟ་ནི་དང་ ཧས་བཏགས་འཚོལ་ནི་མེད་པའི་ ཕོ་སྐྱེས་ཅིག་ཨིན་ཟེར་ སླབ་ནི་འདུག།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བགྲེསཔ་ དྲགོས་དཔལ་འབྱོར་འཇིགས་མེད་རྡོ་རྗེ་ (དྲགོས་བེན་ཇི) གིས་ མི་རྒོད་དང་གཅིག་ཁར་ འགྲན་བསྡུར་དང་ གདོང་ལེན་ལེ་ཤ་འབད་ཡོདཔ་ད་ མི་རྒོད་དེ་ གཟུགས་སྟོབས་སྒྲིང་སྒྲི་དང་ ཁེ་རྒོ་ཡོད་མི་ལུ་བརྟེན་ ཁོ་གི་ལག་པར་ བཱོལ་ཚུད་ཞིནམ་ལས་ ག་གིས་ཡང་ འཕྱོག་མི་ཚུགས་ཟེར་ གསུངསམ་ཨིན་པས།
དྲགོས་བེན་ཇི་གིས་ ཁོ་རའི་ མཛོག་ཁྱད་རྩེདམོ་གི་ ཐབས་རིག་ལག་ལེན་འཐབ་ཐོག་ལས་ མི་རྒོད་ལུ་ ཤུགས་བཙོང་ནི་དང་ ས་ཁར་བརྡབ་གཏང་ནི་ཡོད་རུང་ ཤུལ་ལས་ མི་རྒོད་ཀྱིས་ མཛོག་ཁྱད་འཇལ་ནི་གི་ སྦྱོང་བརྡར་འབད་མི་དང་བསྟུན་ ཁོ་ར་ ཟུར་སྡོད་དགོཔ་ བྱུང་མི་དེ་ཡང་ དེ་བསྒང་ལས་ ཁོ་གིས་ མི་རྒོད་དང་ དོ་འགྲན་འབད་མི་ཚུགས་ནི་ཨིནམ་ ཤེས་རྟོགས་བྱུང་ནི་དེ་གིས་ཨིན་ཟེར་ གསུངསམ་ཨིན་པས།
ད་རུང་ མི་རྒོད་ལུ་ རིག་སྟོབས་གཞན་ དགའ་སྟོན་དང་ དུས་སྟོན་ཚུ་ནང་ ཨམ་སྲུའི་ཆས་ གྱོན་ཐོག་ལས་ དགོད་བྲ་བསྒྱུར་ནི་དང་ འབྲུག་པའི་ཞི་བའི་དམག་མིའི་ སྔར་ཆས་བསྒྲིགས་ཏེ་ དཔའ་གཟར་པའི་ རྣམ་འགྱུར་སྟོན་ནིའི་ རིག་སྟོབས་ཚུ་ཡང་ སྡོད་ཅི་ཟེར་ དྲགོས་བེན་ཇི་གིས་ གསུངསམ་ཨིན་པས།

མི་རྒོད་ཆོས་སྐྱིད་རྡོ་རྗེ།
འབྲུག་བཱསི་ཀེཊ་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ ཀརྨ་བླམ་རྡོ་རྗེ་གིས་ ཁོ་ར་ ན་གཞོན་སྦེ་སྡོདཔ་ད་ མི་རྒོད་ཀྱི་ སྡེ་ཚན་དང་ ལོ་༡༠ དང་༡༢ དེ་ཅིག་ རྩེད་འགྲན་འབད་བའི་སྐོར་ དྲན་ཚོར་འབད་མིའི་ནང་ མི་རྒོད་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ གྱང་རྩིག་རིངམོ་སྦེ་ཡོད་མི་གུ་ རྒྱུག་འགྱོ་དོ་བཟུམ་མའི་ ཚོར་སྣང་འབྱུང་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ མི་རྒོད་དེ་ ཕྱི་ཁ་ལས་བལྟཝ་ད་ འདྲོག་སི་སི་སྦེ་ མཐོང་ནི་ཡོད་རུང་ ཞི་འཇམ་ཞིང་ གཤིས་རྒྱུད་ལེགས་ཤོམ་ཡོད་པའི་ཁར་ ཁོང་ཁྲོ་ལང་ནི་དང་ ཙིགཔ་ཟ་ནི་ཟེར་ རྩ་ལས་མེདཔ་མ་ཚད་ རྩེད་འགྲན་སྐབས་ རྒྱལ་ཁ་ཐོབ་རུང་ ཕམ་སོ་རུང་ སྣང་དག་བསྐྱེད་ནི་མེད་མི་ ཕོ་སྐྱེས་ཅིག་སྦེ་ མཐོང་ཡི་ཟེར་ ཀརྨ་བླམ་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ རྩེད་རིགས་མདོ་ཆེན་བགྲེསཔ་ སྐྱེས་ལོ་༧༦ ལང་མི་ རོང་ཐུང་སངས་རྒྱས་ཀྱིས་འབད་བ་ཅིན་ མི་རྒོད་དང་གཅིག་ཁར་ བཱསི་ཀེཊ་བཱོལ་རྩེད་བའི་སྐབས་ གཟུགས་རིངམོ་ཡོད་ནི་དེ་གིས་ རྩེད་འགྲན་པ་གཞན་ཚུ་གིས་ ཁོ་གི་ལག་པ་ལས་ བཱོལ་དེ་ཅིག་ར་ མི་ཐོབ་ཟེར་ཨིནམ་ད་ མི་རྒོད་ཀྱི་ ལགཔ་གཅིག་གིས་ བཱོལ་འཇམ་ཏོང་ཏོ་སྦེ་ བཙུགས་བཏང་འོང་ཟེར་ བཤདཔ་ཨིན་པས།
རོང་ཐུང་སངས་རྒྱས་ཀྱིས་ སླབ་མིའི་ནང་ མི་རྒོད་སྡེ་ཚན་གྱིས་ སྡེ་ཚན་མང་ཤོས་ར་ ཕམ་བཏངམ་མ་ཚད་ དབང་གནོན་འབད་ནི་ཡོད་པའི་ཁར་ མི་དེ་ ཁེ་རྒོ་ཅན་འབདཝ་ལས་ བཱསི་ཀེཊ་བཱོལ་རྩེད་མི་ཚུ་གིས་ ཁོ་ འཕུལ་བཏང་མི་ཚུགས་ཟེར་ཨིན་པས།
སྤྱི་ལོ་༡༩༨༡ ལས་༡༩༩༩ ཚུན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྡེ་ཚན་དང་ བྱང་ཕྱད་སྦེ་ རྩེད་འགྲན་འབད་མི་ དམག་སྲིད་བགྲེསཔ་ དཀར་མདོག་གིས་ སླབ་མིའི་ནང་ མི་རྒོད་ལུ་ གདོང་ལེན་སྦོམ་ཤོས་ར་ ཁོ་ལུ་ ལྷམ་གི་ཚད་གཞི་མ་ཐོབ་མི་དེ་ཨིནམ་ད་ མི་རྒོད་ཀྱིས་ ལྷམ་ཨང་༡༣ ཡན་ཆད་འབད་མི་དེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
མི་རྒོད་དེ་ བཀྲིས་སྒང་རྫོང་གི་ལྟག་ལུ་ གདང་རས་གཡུས་ཚན་ནང་སྡོདཔ་ད་ གྲོང་གསེབ་མི་ཚུ་གིས་ ཁོ་ལུ་ གདང་རས་ཆོས་སྐྱིད་ཟེར་ སླབ་འོང་ཟེར་ བསྟན་སྲུང་དམག་མི་བགྲེསཔ་ཡང་ཨིན་མི་ བསམ་མཁར་གྱི་རྒཔོ་བགྲེསཔ་ སྐྱེས་ལོ་༧༥ ལང་མི་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བསྒང་ གདང་རས་ཆོས་སྐྱིད་དེ་ ནོར་རྫིཔ་སྦེ་མེན་པར་ དམག་མི་འགོ་དཔོན་བགྲེསཔ་ སངས་རྒྱས་བསྟན་པ་གི་ རྟ་འཚོ་མི་སྦེ་ སྡོད་ནུག་ཟེར་ཨིནམ་ད་ ཁོ་གིས་ རྟ་དྲེལ་ཚུ་ འགྱེལ་ཏ་རྐྱབ་པའི་སྐབས་ ལགཔ་གིས་ ཡར་འཐེན་ཡོད་པའི་ ལོ་རྒྱུས་དང་ དྲེལ་༢ ཀྱི་ཁུར་ཆ་ཡང་ ཁོ་གིས་ འབག་ཚུགས་ཟེར་ བཤདཔ་ཨིན་པས།
དེ་ལས་ སྤྱི་ལོ་༡༩༦༡ ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་སྒོ་ཁར་ ཕྱག་ཞུ་མི་ འགུབ་ཨ་ཏ་རྡོ་ཕུག་གིས་ སླབ་མིའི་ནང་ མི་རྒོད་ཀྱི་ ཕམ་གཉིས་ཆ་ར་ གཟུགས་སྟོབས་སྦོམ་དང་ གཟུགས་རིངམོ་སྦེ་སྡོད་ཅི་ཟེར་ཨིནམ་ད་ ཁོ་གི་ཨའི་དེ་ གདང་རས་ཨུ་ས་དང་ བར་མཚམས་ལས་ཨིན་མི་ ཨ་པ་ལུ་ ཨ་པ་ཨ་ཤོམ་ལ་ཟེར་ བཀྲིས་སྒང་རྫོང་དཔོན་ སྲས་རྡོ་པོ་ལའི་འོག་ལུ་ ཕྱག་ཞུ་སྟེ་ ཡོངས་གྲགས་སྦེ་ སྡོད་ནུག་ཟེར་ འགུབ་ཨ་ཏ་རྡོ་ཕུག་གིས་ བཤདཔ་ཨིན་པས།
མི་རྒོད་དེ་ དམག་སྡེའི་ནང་ ལོ་༢༥ དེ་ཅིག་གི་རིང་ ཕྱག་ཞུ་བའི་ཤུལ་ལས་ སྤྱི་ལོ་༢༠༠༢ ལུ་ སྤེལ་དཔོན་གྱི་ གོ་གནས་ལས་ དགོངས་ཞུ་འབད་དེ་ བསམ་རྩེ་རྫོང་ཁག་ནང་ གཞིས་བཅགས་ཡོདཔ་ད་ ཁོ་གིས་ བསམ་རྩེ་ལུ་ བསྟན་སྲུང་དྲག་པོའི་ཕན་བདེ་ལས་འགུལ་ནང་ ལོ་༣ གྱི་རིང་ སྲུང་རྒྱབ་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ གཟུགས་ཁམས་འཕྲོད་བསྟེན་གྱི་ དཀའ་ངལ་ལུ་བརྟེན་ ཁྱིམ་ནང་སྡོད་ཡོདཔ་ཨིན་པས།
ཚེ་འདས་མི་རྒོད་ཀྱི་ཤུལ་ལུས་ ཁོ་རའི་ཨམ་སྲུ་དང་ ཨ་ལོ་༣ ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *