གཞུང་སྐྱོང་ལོ་ངོ་༢ པའི་ནང་ ལས་སྣ་ཚུ་ལུ་ འཆར་དངུལ་མངམ་སྦེ་ བགོ་བཀྲམ་འབད་ནི།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་སྟེ་ ལོ་༡ ལང་ཡོདཔ་བཞིན་དུ་ འདས་པའི་ལོ་ནང་ ལེགས་བསྒྱུར་གྱི་དོན་ལུ་ གཞི་རྟེན་སྒྲིང༌སྒྲི་བཙུགས་ཏེ་ཡོད་མི་ ལས་སྣ་མང་ཤོས་ར་ ད་ལས་ཕར་ བསྟར་སྤྱོད་འབད་ནི་ཨིན་པས།
གཞུང་གིས་ འཕྲོ་མཐུད་ཡར་དྲག་དང་ ལེགས་བསྒྱུར་འབད་དེ་ ལམ་ལུགས་ནང་ བཙུགས་ནིའི་དོན་ལུ་ ལས་སྡེ་ཚུ་གིས་ ལཱ་དེ་དང་ ལས་འབྲེལ་གན་ཡིག་ རིམ་སྒྲིག་འབད་དགོ་པའི་ཁར་ འཆར་དངུལ་ཚུ་ཡང་ དམིགས་ཡུལ་དང་ དམིགས་དོན་ཚུ་དང་འཁྲིལ་ཏེ་ བགོ་བཀྲམ་འབད་ནི་ཨིན་པས།
ཤུལ་མའི་རྩིས་ལོ་ལས་ འཆར་གཞི་གི་ ཟད་འགྲོ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༥ དེ་ཅིག་ ཡར་སེང་འབད་ནི་དེ་ཡང་ གཞུང་གི་གནས་ཡུན་ནང་ ལས་སྣ་ལེ་ཤ་སྦེ་ འབད་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་ཐབས་ལུ་ཨིན་པས།
ལྟ་བཤལ་གྱི་ སྲིད་བྱུས་བཟོ་མི་དེ་གིས་ ལྟ་བཤལ་པའི་དམིགས་འཆར་ གནོད་པ་ཉུང་སུ་ འོང་འབབ་མཐོ་ཤོས་ཟེར་མི་དེ་ བསྟར་སྤྱོད་འབད་ཚུགས་ནི་ཨིན་པའི་ཁར་ གཞུང་གིས་ གཏེར་ཁ་དང་ ཁྲལ་ལེགས་བསྒྱུར་གྱི་ དཔྱད་ཡིག་ཚུ་ཡང་ སྤྱི་ཚོགས་ནང་བཙུགས་ནིའི་ ལས་རིམ་ཡོདཔ་ཨིན་པས།
དཔྱད་ཡིག་དེ་ཡང་ འབྲུག་མཉམ་རུབ་ཚོགས་པའི་ལྟ་བ་ ཡོདཔ་དང་མེད་པའི་བར་ནའི་ ཁྱད་པར་ཉུང་སུ་ བཟོ་ནི་ལུ་ གལ་ཅན་ཅིག་ཨིནམ་ད་ གསོ་བའི་ཞབས་ཏོག་ཡར་དྲག་དང་ འདྲ་མཉམ་སྦེ་ འཐོབ་ཚུགས་ནི་ལུ་ གཙོ་རིམ་བཟུང་ཡོདཔ་བཞིན་དུ་ ལོ་ངོ་༢ པའི་ནང་ གོང་འཕེལ་གྱི་གནས་ཚད་ ལེ་ཤ་མཐོང་ཚུགས་ནི་ཨིན་པས།
གཞི་རྟེན་གྱི་ གསོ་བའི་འཕྲོད་བསྟེན་གྱི་ལས་སྣ་ ཡན་ལག་ཅིག་ཨིན་མི་ ཨ་ལོ་མཐའ་སྐྱོང་འབད་ནིའི་ ཞག་གྲངས་༡,༠༠༠ གི་ལས་རིམ་དེ་ཡང་ འགོ་བཙུགས་ནི་ཨིནམ་ད་ འབྲིང་རིམ་གྱི་ གསོ་བའི་འཕྲོད་བསྟེན་ཐད་ཁར་ གྲོང་གསེབ་ཀྱི་ ཁྱིམ་གུང་ཚུན་ གཏན་འཇགས་ཀྱི་ གསོ་བའི་བརྟག་དཔྱད་འབད་བར་ གསོ་བའི་འགོ་དཔོན་ཚུ་ འགྱོ་ནིའི་ཆར་གཞི་འདུག།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ ཨ་ལོ་སྐྱེས་ཞིནམ་ལས་ ལོ་༢ ཀྱི་ཤུལ་ལས་ ཤེས་རིག་ལྷན་ཁག་ལུ་ རྩིས་སྤྲོད་དེ་ ལྷན་ཁག་གིས་ ཨ་ལོ་ཚུ་ལུ་ ཨ་ལོ་ཡར་སྐྱེད་དང་ གཅེས་སྐྱོང་ལྟེ་བའི་ ལས་རིམ་འགོ་བཙུགས་ནི་ཨིན་ཟེར་ ཨིན་པས།
ལས་རིམ་དེ་ཡང་ དམིགས་བསལ་ལས་རིམ་གྱི་ ལས་སྣ་ཅིག་ཨིནམ་ད་ ལས་རིམ་དེ་གིས་ འབུ་ནི་མེད་པའི་ ནད་གཞི་དང་ སྐྱེ་སྒོ་དང་ ཕོཝ་ དེ་ལས་ ཨོམ་གྱི་ཀེན་སར་ཚུ་ མ་ཕྱིསཔ་ལས་ ངོས་འཛིན་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
དེ་མ་ཚད་ གྲོང་གསེབ་ཚུ་ནང་ སྤྱིར་བཏང་གསོ་བའི་འཕྲོད་བསྟེན་གྱི་ ཞབས་ཏོག་ཐོབ་མ་ཚུགས་པའི་ དཀའ་ངལ་ཐོན་མི་ཡང་ སེལ་ཐབས་འབད་ཚུགས་ནི་ཨིནམ་ད་ ཆེ་རིམ་གྱི་ གསོ་བའི་ཞབས་ཏོག་གནས་ཚད་ནང་ གཞུང་གིས་ རྒྱ་གར་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ སྣ་མང་གཤག་བཅོས་སྨན་ཁང་ཅིག་ གཞི་བཙུགས་འབད་ནིའི་ རེ་བ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་ལས་ཕར་ མ་འོངས་པ་ལུ་ གཡུས་ཁའི་མི་སེར་ཚུ་ལུ་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནི་ལུ་ སྡེ་རིམ་དང་པའི་ སྨན་ཁང་རྐྱངམ་གཅིག་ བཟོ་སྐྲུན་འབད་ནི་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ད་ལས་ཕར་ ཌི་ཇི་ཊལ་དམིགས་བསལ་ལས་རིམ་ བསྟར་སྤྱོད་འབད་ནི་ཨིན་པའི་ཁར་ སློབ་གྲྭའི་སློབ་ཁང་འབད་རུང་ ཌི་ཇི་ཊལ་བཟོ་ནི་ཨིནམ་ད་ ལས་རིམ་དེ་ཡང་ དབྱེ་ཁག་སྦེ་ བཟོ་ཐོག་ལས་ སློབ་གྲྭ་ཆུང་བ་ཚུ་ལས་ འགོ་བཙུགས་འོང་ཟེར་ཨིན་པས།
སློབ་དཔོན་དང་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནི་ལུ་ སྤ་རོ་དང་ བསམ་རྩེ་ཤེས་རིག་སློབ་སྦྱོང་སྤེལ་ཁང་ནང་ མ་རྩ་སྦོམ་སྦེ་ར་ བཙུགས་ནི་ཨིནམ་བཞིན་དུ་ ཤེས་རིག་སྦྱྲོང་བརྡར་པ་ཚུ་གི་ ལྟོ་ཕོགས་ཡང་ ཡར་སེང་འབད་ནི་འགོ་བཙུགས་ཏེ་ཡོད་ཟེར་ བློན་ཆེན་གྱིས་ བཤད་ཅི།
སློབ་རིམ་༡༢ པ་ མཐར་འཁྱོལཝ་ཅིག་ འཛུལ་ཞུགས་འབད་ནི་ལུ་ ལག་ཤེས་དང་ འཕྲུལ་རིག་ཚོགས་སྡེ་ཅིག་ གཞི་བཙུགས་འབད་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ཨིནམ་ད་ ཚོགས་སྡེའི་ལས་རིམ་དེ་ཡང་ དུས་རབས་༢༡ པ་དང་འཁྲིལ་ཏེ་ རིམ་སྒྲིག་འབད་ཡོདཔ་ཨིན་པས།
ལག་ཤེས་དང་ འཕྲུལ་རིག་ཚོགས་སྡེ་དེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ བཟོ་ཚུགས་པ་ཅིན་ ནང་བཟོ་དང་ བཟོ་གྲྭ་ཆུ་བའི་ལས་ཁུངས་དེ་ བསྟན་རྒྱས་ལྷན་ཁག་ལས་ ཕྱིར་བཏོན་འབད་དེ་ ལས་གཡོག་ལྷན་ཁག་འོག་ལུ བཙུགས་ནིའི་ལས་རིམ་ ཡོདཔ་ཨིན་པས།
གཞུང་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ སྐྱིན་འགྲུལ་ལེན་ནི་དང་ མ་རྩ་བཙུགས་ནིའི་དོན་ལུ་ འཚོལ་ཞིབ་འབད་ནི་ཨིནམ་ད་ ཕྱིའི་རྒྱལ་ཁབ་ཚུ་ནང་ མཐུན་ལམ་བཟོ་མི་དེ་གིས་ ལྷན་ཐབས་འབྱུང་ཚུགས་ནི་ཨིནམ་མ་ཚད་ སྒེར་སྡེ་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ཟེར་ བློན་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྩོད་ཟླའི་སྒྲུབ་བྱེད་ཚུ་ བདེན་ཁུངས་མེདཔ་ལས་ ངོས་ལེན་མཛད་མ་གནང་ཟེར་ ཞུ་ཡོདཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ གདམ་འཐུའི་བྱ་རིམ་ནང་ གཡོ་སྒྱུ་འཐབ་ཡོད་པའི་ རྩོད་གཞི་བཙུགས་མི་ལུ་ ལས་འཛིན་གྱིས་ སྒྲུབ་བྱེད་ཀྱི་བརྒལ་ལེན་ཕུལ་ཡི། རྩོད་ཟླ་འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ཁྲིམས་འདུན་ལུ་ཕུལ་མིའི་ནང་ རྩོད་རྩ་གི་སྒྲུབ་བྱེད་དང་པ་ དང་ གཉིས་པ་ཕུལ་མི་དེ་ བདེན་ཁུངས་མེདཔ་ལས་ ངོས་ལེན་མཛད་མ་གནང་ཟེར་ ཞུ་ཡི། …

Leave a Reply

Your email address will not be published. Required fields are marked *