གཞུང་ལམ་ཁར་ རྟ་ནོར་ཚུ་ བཞག་མི་ལུ་བརྟེན་ སྣུམ་འཁོར་གྱི་རྒྱུན་འགྲུལ་ལུ་ བར་ཆད།

༉ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་གཞུང་ལམ་ཁར་ ས་གནས་མཁའ་རུང་ལ་དང་ མཁའ་གླིང་གི་བར་ནའི་ གཞུང་ལམ་བདའ་སྟེ་ སྒོ་ནོར་སེམས་ཅན་ཚུ་ བཞག་དོ་ཡོད་མི་ལུ་བརྟེན་ གཞུང་ལམ་དེ་ཁར་ལས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

སྣུམ་འཁོར་ཊཱག་གི་དེད་གཡོགཔ་ ཐུགས་རྟེན་བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་བདའ་སྟེ་ ཉིན་ནུབ་མེད་པར་ ནོར་དང་རྟ་ཚུ་ སྣང་མེད་སྦེ་ བཞག་དོ་ཡོདཔ་ལས་ ཇོ་བདག་ཡོད་མེད་ཡང་ མི་ཤེས་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ནོར་ཚུ་གིས་ གཞུང་ལམ་བདའ་སྟེ་ ཨ་བ་བཏང་སྟེ་ ཁམས་ལོག་སི་སི་སྦེ་ བཟོ་དོ་ཡོདཔ་མ་ཚད་ འགྲོ་འགྲུལ་འབད་བའི་སྐབས་ལུ་ཡང་ དཀའ་ངལ་བྱིན་དོ་ཡོདཔ་ལས་ རྒེད་འོག་ལ་སོགས་པའི་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ ག་ནི་ཡང་ སླབ་ནི་མེདཔ་ཨིན་ན་ ཡང་ཅིན་ ལམ་སེལ་ལས་ཁུངས་ཀྱི་ ལམ་ལུགས་ནང་ དེ་བཟུམ་སྦེ་ བཞག་ཆོགཔ་སྦེ་ ཡོདཔ་ཨིན་ན་ཟེར་ཨིན་པས།

དེད་གཡོགཔ་གཞན་མི་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་ར་ གཞུང་ལམ་དེ་ཁར་ལས་ བདུན་ཕྲག་༡ ནང་ ཉུང་ཤོས་ཚར་༣ དང་༤ དེ་རེ་ འགྲོ་འགྲུལ་འབད་དོ་ཡོདཔ་ད་ གཞུང་ལམ་བདའ་སྟེ་ ནོར་དང་རྟ་ཚུ་ བཞག་མི་དེ་གིས་ དེད་གཡོགཔ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འཕྲལ་འཕྲལ་ སྣུམ་འཁོར་བརྡ་སྐད་ཧ་རན་རྐྱབ་རུང་ ནོར་ཚུ་གིས་ ཟུར་འགྱོ་མི་བཏུབ་དོ་ཡོདཔ་ལས་ སྣུམ་འཁོར་གཞན་ཚུ་ འོང་པའི་སྐབས་ ཟུར་ཐབས་འབད་མ་ཚུགས་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ སེལ་ཐབས་འབད་དགོཔ་ འདུག་ཟེར་ཨིན་པས།

རྒྱུན་འགྲུལ་འཐབ་མི་ གཞན་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ཁར་ལས་ མི་དྲག་ཞེན་ཆེ་ཆུང་མེད་པར་ འགྲོ་འགྲུལ་འབད་དོ་ཡོདཔ་ལས་ རྟ་ནོར་གྱི་ ཨ་བ་དེ་གིས་ གཞུང་ལམ་དེ་ གཙང་སྦྲ་དང་ལྡནམ་སྦེ་མེདཔ་ལས་ རྒྱལ་ཁབ་ཀྱི་ མིང་གཏམ་ལུ་ཡང་ གནོད་ཉེན་ཡོདཔ་ལས་ འཕྲལ་མགྱོགས་ར་ དཀའ་ངལ་སེལ་ཐབས་ འབད་དགོཔ་འདུག་ཟེར་ཨིན་པས།

བཀྲིས་སྒང་ མཁའ་གླིང་རྒེད་འོག་གི་རྒཔོ་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ གནད་དོན་དེ་ལུ་ རྒེད་འོག་ཡང་ ཚ་གྱང་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ མི་ཚུ་ལུ་ བཞག་མ་ཆོག་པའི་སྐོར་ལས་ སླབ་སྟེ་ར་ ཡོད་ཟེར་ཨིནམ་ད་ ཨིན་རུང་ ག་དེམ་ཅིག་སྦེ་ བཞག་དགོ་རུང་ ལམ་གྱི་ཟུར་ཁར་ ལེགས་ཤོམ་སྦེ་ ཐགཔ་བཏགས་ཏེ་ བཞག་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ད་རེས་ གཞུང་ལམ་དེ་ རྒྱ་བསྐྱེད་འབད་དེ་ རྩི་ནག་བཏང་ཡོད་མི་ལུ་བརྟེན་ སྣུམ་འཁོར་ཚུ་ ཤུགས་ཚད་ལས་ བཏང་དོ་ཡོདཔ་བཞིན་དུ་ ནོར་ཚུ་བཞག་ནི་དེ་གིས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིནམ་ད་ ནོར་དེ་ཚུ་ ལ་ལོ་འབྱོགཔ་དང་ ལ་ལོ་རྒེད་འོག་ནང་གི་ མི་ཚུ་གི་ཨིན་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ནོར་ཚུ་གིས་ཡང་ ལམ་གྱི་སྦུག་ལུ་ར་ ཉལ་སྡོད་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ བར་གཤོང་སྤྱི་འོག་ནང་ ནོར་༢ དེ་ཅིག་ སྣུམ་འཁོར་གྱིས་བསྣད་དེ་ བསད་ཡོད་རུང་ སྣུམ་འཁོར་དེ་ བདའ་མ་ཟུན་ཟེར་ཨིནམ་ད་ འདས་པའི་ལོ་ནང་ཡང་ ནོར་༢ དེ་ཅིག་ བསད་ཅི་ཟེར་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ དེ་བཟུམ་མའི་ གནད་དོན་རེ་ འབྱུང་པ་ཅིན་ ཉེན་ཁ་དེ་ ཇོ་བདག་ལུ་ བཀལ་ནི་ཨིན་ན་དང་ ཡང་ཅིན་ སྣུམ་འཁོར་གྱི་ དེད་གཡོགཔ་དེ་ལུ་ བཀལ་ནི་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ མགྱོགས་པ་ར་ འབྱོགཔ་ཚུ་དང་གཅིག་ཁར་ འཕྱད་ནིའི་འཆར་གཞི་ ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ སྤྱི་འོག་ཚུ་གི་ ཚོགས་པ་དང་ གཡུས་སྒོ་ཚུ་གི་ སྤྱི་དཔོན་ཚུ་བརྒྱུད་དེ་ རྟ་ནོར་གྱི་ཇོ་བདག་ཚུ་དང་གཅིག་ཁར་ འཛོམས་འདུ་ཅིག་ འགོ་འདྲེན་འཐབ་ནི་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཤུལ་ལས་ཡང་ གཞུང་ལམ་བདའ་སྟེ་ རྟ་དང་ནོར་ཚུ་ བཞག་པ་ཅིན་ ཉེས་བྱ་བཀལ་ནིའི་ལམ་ལུགས་ཅིག་ བཟོ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *