གཞུང་དབང་ལས་སྡེའི་ དངུལ་ཕོགས་ཡར་སེང་ རྩ་ཁྲིམས་ལས་ འགལ་ཡོདཔ་ཨིན་ན?

༉ གཞུང་གིས་ གཞུང་དབང་ལས་སྡེ་ཚུ་གི་ དངུལ་ཕོགས་ཡར་སེང་གི་ གསལ་བསྒྲགས་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༣༠ རྩ་དོན་༢ པའི་ དགོངས་དོན་ལས་ འགལ་ནུག་ཟེར་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
གཞུང་གི་གསལ་བསྒྲགས་དང་འཁྲིལཝ་ད་ གཞུང་དབང་ལས་སྡེ་ཚུ་གི་ དངུལ་ཕོགས་བསྐྱར་བཟོ་དེ་ སྤྱི་ཟླ་༡༢ པའི་ཚེས་༡ ལས་ ཆ་གནས་འབད་དགོཔ་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ དངུལ་ཕོགས་ལྷན་ཚོགས་ཀྱིས་ གཞུང་ལུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ རྩ་ཁྲིམས་ཆེན་མོ་འདིའི་ དགོངས་དོན་གཞན་ལུ་ འོས་འབབ་རན་པའི་ བརྩི་མཐོང་དང་བསྟུན་ རྒྱལ་གཞུང་ཞི་གཡོགཔ་དང་ དྲང་ཁྲིམས་ལྷན་སྡེ་ སྤྱི་ཚོགས་དང་ ས་གནས་གཞུང་གི་འཐུས་མི་ དེ་ཁར་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་དང་ དེའི་འཐུས་མི་ཚུ་ སྤྱི་གཡོགཔ་གཞན་ཆ་མཉམ་གྱི་ དངུལ་ཕོགས་དང་ཟུར་འཐུས་ ཁེ་ཕན་ཐོབ་ལམ་གཞན་གྱི་ གཞི་བཀོད་བསྐྱར་བཟོའི་ གྲོས་འདེབས་ཕུལ་དགོཔ་ཨིན་པས།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ བཤད་མིའི་ནང་ དངུལ་ཕོགས་ལྷན་ཚོགས་ཀྱིས་ ཞི་གཡོག་པའི་ དངུལ་ཕོགས་ཡར་སེང་ གསལ་བསྒྲགས་འབདཝ་དང་གཅིག་ཁར་ ལས་སྡེ་ཚུ་གི་ ཐོབ་ལམ་ཚུ་ཡང་ གཅིག་ཁར་སྦེ་ འོང་དགོཔ་ལས་ གཞུང་གིས་ གསལ་བསྒྲགས་འབད་མི་དེ་ གཞི་རྩ་ལུ་ འཛོལ་སོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་ཕོགས་ལྷན་ཚོགས་དང་པ་དང་༢ པའི་སྐབས་ལུ་ཡང་ གཞུང་དབང་ལས་སྡེ་ཚུ་གི་ དངུལ་ཕོགས་ཡར་སེང་དེ་ ཞི་གཡོག་གི་ སྙན་ཞུ་དང་གཅིག་ཁར་ འབད་ཡོདཔ་ལས་ ད་རེས་ཀྱི་ གསལ་བསྒྲགས་དེ་ཡང་ དེ་སྦེ་འབད་དགོཔ་ཅིག་ཨིན་ཟེར་ཨིན་པས།
འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ འདས་པའི་ཉམས་མྱོང་ཚུ་ལུ་བལྟ་རུང་ ཡར་སེང་གི་ གསལ་བསྒྲགས་དེ་ ཕྱིས་སུ་འབད་རུང་ ཡར་སེང་དེ་ ཚེས་གྲངས་ཅིག་ལས་ བྱིན་དགོ་ཟེར་ཨིན་པས།
དངུལ་ཕོགས་ཡར་སེང་གི་ སྙན་ཞུ་ནང་ སྤྱིར་བཏང་ལུ་ འབད་བ་ཅིན་ ཞི་གཡོག་པའི་ དངུལ་ཕོགས་ཡར་སེང་འབད་བའི་ཤུལ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ ལས་སྡེ་དང་སྒེར་སྡེ་ལུ་ འབྱེམ་ག་དེ་སྦེ་ ཕོག་ཡོདཔ་ཨིན་ན་ཚུ་ དངུལ་ཕོགས་ལྷན་ཚོགས་ཀྱིས་ དབྱེ་ཞིབ་འབད་ཐོག་ལས་རྐྱངམ་གཅིག་ བསྐྱར་ཞིབ་འབད་སྲོལ་ཡོདཔ་ཨིན་པས།
གཞུང་དབང་ལས་སྡེ་ཚུ་གིས་ ཤུལ་སྤྲོད་མ་ཐོབ་མིའི་ཐད་ལུ་ཡང་ འཐུས་མི་གིས་འབད་བ་ཅིན་ ཡར་སེང་སྐོར་ལས་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ ཚུད་དེ་ཡོད་པ་ཅིན་ དེ་ཡང་ འགབ་ཚུགསཔ་འོང་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *