གཞུང་དབང་ལས་སྡེ་སོ་སོའི་ནང་ འཐུས་མ་འདྲཝ་བྱིན་སྲོལ་ཡོད་མི་ཚུ་ གཅིག་མཚུངས་བཟོ་དགོ་ནི།

༉ གཞུང་དབང་ལས་སྡེ་ཚུ་གི་ དངུལ་ཕོགས་ཡར་སེང་ནང་ དྭངས་གསལ་ག་ནི་ཡང་ མེད་མི་ལུ་བརྟེན་ ཁེ་གྱོང་པ་མང་ཤོས་ཅིག་ར་ མགུ་འཐོམ་བྱུང་པའི་ ནམ་དུས་ལུ་ ཁ་ཙ་ དངུལ་རྩིས་ལྷན་ཁག་གིས་ དངུལ་ཕོགས་ཡར་སེང་གི་ གཞི་བཀོད་དང་ ཐོབ་ཐངས་ཚུ་ གཞུང་འབྲེལ་ཐོག་ལས་ ཁྱབ་བསྒྲགས་འབད་ཡི།
ཁྱབ་བསྒྲགས་དང་འཁྲིལཝ་ད་ གཞུང་དབང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་ལུ་ དངུལ་ཕོགས་ཡར་སེང་དེ་ བརྒྱ་ཆ་༦ སྦེ་ བཞག་ཡོདཔ་ཨིན་རུང་ འབྲུག་བཟའ་སྤྱོད་ལས་འཛིན་དང་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ལས་སྡེ་ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་གིས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་དང་ འབྲུག་གོང་འཕེལ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་དང་ དངུལ་ཕོགས་འདྲན་འདྲ་སྦེ་ ཉུང་ཤོས་དངུལ་ཀྲམ་༨༥,༠༠༠ ལས་ མཐོ་ཤོས་དངུལ་ཀྲམ་༩༦,༡༩༠ གི་བར་ན་ འཐོབ་ནི་ཨིན་པས།
དེ་འབདཝ་ད་ ལས་སྡེ་ལ་ལོ་ནང་ ཇའི་འཐུས་དང་ ནང་འཁོད་རྩིས་ཞིབ་ དེ་ལས་ སྣུམ་འཁོར་ལ་སོགས་པའི་འཐུས་ཚུ་ བཀོད་ཚོགས་དང་ འཛིན་སྐྱོང་གི་བར་ན་ མོས་མཐུན་ཐོག་ལས་ བྱིན་སྲོལ་ཡོད་མི་དེ་ཡང་ ག་རའི་ནང་ གཅིག་མཚུངས་བཟོ་དགོཔ་འདུག་ཟེར་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཤདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ དངུལ་ཕོགས་བསྐྱར་བཟོ་ལུ་ མང་ཤོས་ཀྱིས་ མར་འབབ་འགྱོ་ནི་མས་ཟེར་བའི་ ཚ་གྱང་བཤད་ཡོད་རུང་ མར་འབབ་རྩ་ལས་མི་འགྱོ་ཟེར་ཨིནམ་ད་ འཐུས་དེ་ཚུ་ལུ་ གཞུང་གིས་ བསྐྱར་ཞིབ་འབད་ནི་ཟེར་ བཤདཔ་ཨིན་པས།
གཞན་གཞུང་དབང་ལས་སྡེ་ཚུ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་ལུ་འབད་བ་ཅིན་ དངུལ་ཕོགས་ཉུང་ཤོས་དངུལ་ཀྲམ་༧༥,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༨༤,༣༧༥ གི་བར་ན་ གནས་དགོ་ནི་ཨིན་པས།
སྤྱིར་བཏང་གཏན་འཇགས་ཀྱི་ ལས་བྱེདཔ་ཚུ་ལུ་ འབད་བ་ཅིན་ ཡར་སེང་དེ་ བརྒྱ་ཆ་༡༤ ལས་༣༥ འི་བར་ན་ བཞག་ཡོདཔ་ལས་ རང་སོའི་སྡེ་རིམ་དང་འཁྲིལ་ ཡར་སེང་འཐོབ་ནི་ཨིན་པས།
དཔེར་ན་ ལས་སྡེའི་སྡེ་རིམ་དང་པ་ལས་༣ པའི་བར་ན་ ཚུད་མི་ཚུ་ཨིན་པ་ཅིན་ ཡར་སེང་བརྒྱ་ཆ་༡༤ འཐོབ་ནི་དང་ སྡེ་རིམ་༡༩ ནང་ཡོད་མི་ཚུ་ ཨིན་པ་ཅིན་ བརྒྱ་ཆ་༣༥ འཐོབ་ནི་ཨིན་པས།
ལས་སྡེའི་སྡེ་རིམ་༡ པ་ལས་༡༠ ཚུན་ འབད་མི་ཚུ་ལུ་ ཁང་གླའི་འཐུས་ རང་སོའི་དངུལ་ཕོགས་ལས་ བརྒྱ་ཆ་༢༠ འཐོབ་ནི་ཨིནམ་ད་ སྡེ་རིམ་༡༡ པ་འོག་རྒྱུ་འབད་མི་ཚུ་ལུ་ སྟབས་གཅིག་ལག་སྤྲོད་སྦེ་ དངུལ་ཀྲམ་༣,༥༠༠ རེ་ འཐོབ་ནི་ཨིན་པས།
ཨིན་རུང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་ལུ་ ཁང་གླའི་འཐུས་ མི་འཐོབ་ནི་ཨིནམ་ད་ ཁག་འབག་ནང་ཨིན་མི་ ལས་བྱེདཔ་ཚུ་ལུ་ རང་སོའི་ལས་སྡེའི་ ཁག་འབག་གི་ ལམ་ལུགས་དང་འཁྲིལ་ དངུལ་ཕོགས་འཐོབ་ནི་ཨིན་པས།
ལས་སྡེའི་འོང་འབབ་དང་འཁྲིལ་བའི་ འཐུས་འཐོབ་ནི་དེ་ཡང་ ཁྱད་འཕགས་ཀྱི་ གྲུབ་འབྲས་ཐོན་མི་ཚུ་ལུ་ བརྒྱ་ཆ་༥༠ དང་ གནམ་མེད་ས་མེད་ ལེགས་ཤོམ་ཐོན་མི་ལུ་ བརྒྱ་ཆ་༣༥ དེ་གི་འོག་ལས་ ཐོན་མི་ཚུ་ལུ་ བརྒྱ་ཆ་༢༥ དེ་ལས་ བསམ་པ་རྫོགས་ཏོག་ཏོ་གི་ གྲུབ་འབྲས་ཐོན་མི་ལུ་ བརྒྱ་ཆ་༡༥ རེ་ འཐོབ་ནི་ཨིན་རུང་ དངུལ་རྩིས་བློན་པོ་གིས་ འཐུས་དེ་ འགོ་དང་པ་འབད་ནི་དེ་གིས་ སྤྱི་ལོ་༢༠༡༩ ལོའི་དོན་ལུ་ ལས་སྡེ་ག་ར་གིས་ ཤོ་སྙོམས་སྦེ་ བརྒྱ་ཆ་༡༥ རེ་ བྱིན་དགོཔ་སྦེ་ གསལ་བསྒྲགས་ནང་བཀོད་ནུག།
ལས་སྡེ་ཚུ་གི་ གྲུབ་འབྲས་ངོ་མ་དེ་ སྤྱི་ལོ་༢༠༢༠ ལས་ འགོ་བཙུགས་ནི་ཨིནམ་ད་ འཐུས་དེ་ ལས་སྡེའི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ ཁག་འབག་ནང་ ལཱ་འབད་མི་ཚུ་གིས་ཡང་ འཐོབ་ནི་ཨིན་རུང་ ཧེ་མ་བཟུམ་སྦེ་ ལོ་བསྟར་བཞིན་དུ་ ལས་སྡེའི་ཁེ་སང་ལས་ ཁེ་འཐུས་བྱིན་སྲོལ་ཡོད་མི་དེ་ མེདཔ་བཟོ་ཡོདཔ་ཨིན་པས།
དངུལ་ཁང་ཚུ་གི་ ལས་བྱེདཔ་ཚུ་ཨིན་པ་ཅིན་ དངུལ་འབྲེལ་འཐུས་བརྒྱ་ཆ་༡༠ རེ་ འཐོབ་ནི་ཨིནམ་ད་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་གི་ ཁག་འབག་གི་འཐུས་དེ་ རང་འཇགས་འཐོབ་ནི་ཨིན་པས།
དགོངས་ཞུའི་ཟུར་ཕོགས་དང་ དགོངས་ཞུའི་མ་དངུལ་དེ་ཡང་ ལས་བྱེདཔ་ཚུ་གི་དོན་ལུ་ ཟླ་རིམ་བཞིན་དུ་ བརྒྱ་ཆ་༡༡ རེ་བཙུགས་མི་དེ་ བརྒྱ་ཆ་༡༥ ལུ་ ཡར་སེང་འབད་ནི་ཨིནམ་ད་ དགོངས་ཞུའི་ཐོབ་ལམ་ དངུལ་ཀྲམ་ས་ཡ་༡.༥ ལས་ ཚད་གཞི་མེདཔ་སྦེ་བཟོ་ནུག།
ལས་སྡེའི་འཐུས་གཞན་ཚུ་ ད་ལས་ཕར་ མི་འཐོབ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *