ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ གཞུང་དབང་ལས་སྡེ་ཚུ་གི་ དངུལ་ཕོགས་ཡར་སེང་དང་ གནད་དོན་གཞན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།

གཞུང་དབང་ལས་སྡེ་ཚུ་གི་དངུལ་ཕོགས་ ཡར་སེང་འབད་ཡོད་རུང་ ཤུལ་སྤྲོད་མི་འཐོབ་ནི།

༉ ཁ་ཙ་ གཞུང་གིས་ གཞུང་དབང་ལས་སྡེ་༡༧ གྱི་དོན་ལུ་ དངུལ་ཕོགས་ཡར་སེང་གི་བརྒྱ་ཆ་དེ་ ཞི་གཡོགཔ་ཚུ་དང་འདྲན་འདྲ་སྦེ་ བཞག་ཡོད་རུང་ ཡར་སེང་དེ་ དུས་ཅི་སྤྱི་ཟླ་༡༢ པ་ལས་ འཐོབ་ཚུགས་ཟེར་ གསལ་བསྒྲགས་འབད་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ གསལ་བསྒྲགས་འབད་བའི་སྐབས་ གཞུང་དབང་ཚོང་ལས་ཁང་ཚུ་གིས་ ཞི་གཡོགཔ་ཚུ་གིས་ སྤྱི་ཟླ་༦ པ་ལས་ བྱིན་དོ་བཟུམ་སྦེ་ འཐོབ་ནིའི་སྐོར་ལས་ ག་ནི་ཡང་ མ་བཤདཔ་ལས་ མི་འཐོབ་ནི་ཨིན་པས།
དངུལ་རྩིས་བློན་པོ་གིས་ གཞུང་དབང་ཚོང་ལས་ཁང་༡༧ དེ་ཅིག་ཡོད་མི་ག་ར་ལུ་ དངུལ་ཕོགས་ཡར་སེང་དོན་ལུ་ བསམ་འཆར་དང་ རེ་ཆེ་ཚུ་ག་ར་ བསྡུ་ལེན་འབད་དེ་ ལྷན་ཁག་གི་ འཆར་དངུལ་ལས་ཁུངས་ཀྱིས་ དབྱེ་ཞིབ་འབད་དེ་ ནང་འཁོད་གྲོས་བསྟུན་ ཐེངས་མང་རབས་ཅིག་འབད་ཡི།
ལྷན་རྒྱས་གཞུང་ཚོགས་ལུ་ ཞུ་བ་ཐེངས་གཉིས་བཙུགས་ཏེ་ དངུལ་ཕོགས་ངོ་མ་དེ་ ཞི་གཡོགཔ་དང་ མི་མང་གི་སྤྱི་གཡོགཔ་ཚུ་དང་ ཅོག་གཅིགཔ་སྦེ་ བཞག་ནི་ལུ་ ཐག་བཅད་ཡི་ཟེར་བཤད་ཅི།
གཞུང་དབང་ཚོང་ལས་ཁང་ཚུ་གི་ ལས་བྱེདཔ་གི་དངུལ་ཕོགས་དེ་ ད་ལྟོའི་གནས་སྟངས་ནང་ བརྒྱ་ཆ་༧ དང་༨ ཀྱི་བར་ན་ ཐེབས་ཐོབ་དོ་ཡོདཔ་ལས་ ཡར་སེང་དེ་ཡང་ དེ་ལུ་གཞི་བཞག་སྟེ་ འཐོབ་ནི་ཨིནམ་ལས་ ཕོ་ཚོད་རྩིས་རྐྱབ་ད་ ཞི་གཡོགཔ་དང་ཕྱདཔ་ད་ བརྒྱ་ཆ་༡༠ དང་༡༥ གི་བར་ན་ མཐོ་སུ་སྦེ་ འཐོབ་འོང་ཟེར་ བློན་པོ་གིས་བཤད་ཅི།
གཞུང་དབང་ཚོང་ལས་ཁང་ཚུ་ལུ་ བསྒྱུར་བ་སྦོམ་ཤོས་གཅིགཔོ་དེ་ ད་ལྟོ་ ལས་སྡེ་རེ་གཉིས་ཀྱིས་ གོ་གནས་ཀྱི་དམིགས་བསལ་འཐུས་བྱིན་སྲོལ་ཡོད་མི་དང་ ལ་ལོ་གིས་ ལས་སྡེའི་འཐུས་སྦེ་ ལས་སྡེའི་ཁེ་སང་ལུ་གཞི་བཞག་ཐོག་ལས་ བྱིན་དོ་ཡོད་རུང་ མི་སྡེའི་འགན་ཁུར་འབག་མི་ ལས་སྡེ་ཚུ་གིས་ འོང་འབབ་དེ་ཅིག་ མི་བཟོ་དོ་ཡོདཔ་ལས་ འཐུས་དེ་ཡང་ མི་འཐོབ་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ལས་སྡེ་དང་ གོ་གནས་ཀྱི་འཐུས་དེ་ལུ་ གཞུང་གིས་ འོས་འབབ་ཅིག་མ་མཐོངམ་ལས་ སྤྱིར་སྙོམས་ག་ར་ལུ་ བྱིན་ནིའི་དོན་ལས་ ལས་སྡེའི་འཐུས་སྦེ་ བརྒྱ་ཆ་༢༥ བྱིན་མི་དེ་ ཞི་གཡོགཔ་ཚུ་གི་ ཁང་གླ་བཟུམ་སྦེ་ཨིནམ་ལས་ གཞུང་གིས་ འཐུས་དེ་ཆ་མེདཔ་བཏང་སྟེ་ ཁང་གླའི་འཐུས་བྱིན་ནི་སྦེ་ བཞག་ཡི་ཟེར་བཤད་ཅི།
ཞི་གཡོག་ནང་འབད་རུང་ དངུལ་ཕོགས་དེ་ རང་སོའི་ལྕོགས་གྲུབ་དང་འཁྲིལ་ བྱིན་དགོཔ་སྦེ་ཡོདཔ་ལས་ ལས་སྡེ་ཚུ་གིས་ཡང་ འབྲུག་རྒྱུ་ནོར་གཞི་བཟུང་གི་འོག་ལུ་ཡོད་མི་ ལས་སྡེ་གཞན་ཚུ་བཟུམ་སྦེ་ སྤྱིར་སྙོམས་འཐོབ་ནིའི་དོན་ལུ་ གྲུབ་འབྲས་དང་བསྟུན་པའི་འཐུས་སྦེ་ བརྒྱ་ཆ་༡༥ ལས་༥༠ འི་བར་ན་ བྱིན་ནི་དེ་ ཐོབ་ལམ་ཐེབས་ཨིན་ཟེར་བཤད་ཅི།
དེ་གི་དོན་དག་དེ་ ལས་སྡེ་རང་སོའི་ འོང་འབབ་ཀྱི་གྲུབ་འབྲས་དང་འཁྲིལ་ འོང་འབབ་དམའ་ཤོས་བཟོ་མི་ཚུ་གིས་ བརྒྱ་ཆ་༡༥ དང་ མཐོ་ཤོས་བཟོ་ཚུགས་མི་ལས་སྡེ་ཚུ་གིས་ བརྒྱ་ཆ་༥༠ རེ་ འཐོབ་ནི་ཨིན་པས།
དུས་ཀྱི་འགྱུར་བ་དང་འཁྲིལ་ དངུལ་ཕོགས་དེ་ཡང་ རང་སོའི་ གྲུབ་འབྲས་དང་འཁྲིལ་ལེན་དགོ་ཟེར་ དངུལ་རྩིས་བློན་པོ་གིས་ བཤད་ཡོདཔ་ད་ གྲུབ་འབྲས་དང་འཁྲིལ་འཐུས་དེ་ ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ ཁག་འབག་ནང་ལཱ་འབད་མི་ཚུ་གིས་ཡང་ འཐོབ་འོང་ཟེར་ཨིན་པས།
འཐུས་དེ་ཚུ་ལུ་ གཞི་བཞག་སྟེ་ རྩིས་རྐྱབ་པ་ཅིན་ གཞུང་དབང་ཚོང་ལས་ཁང་ཚུ་གིས་ ཧེ་མ་ ཞི་གཡོགཔ་དང་ཕྱདཔ་ད་ དངུལ་ཕོགས་བརྒྱ་ཆ་༧ དང་༨ ཀྱི་བར་ན་ མཐོ་སུ་འཐོབ་ནི་ཡོད་རུང་ ད་ལས་ཕར་ བརྒྱ་ཆ་༡༠ དང་༡༥ འི་བར་ན་ མཐོ་སུ་སྦེ་ འཐོབ་འོང་ཟེར་ དངུལ་རྩིས་བློན་པོ་གིས་བཤད་ཅི།
ཡར་སེང་དེ་ སློབ་དཔོན་དང་ གསོ་བའི་ལས་བྱེདཔ་ཚུ་གི་ དངུལ་ཕོགས་མེན་པར་ གཞན་སྤྱིར་བཏང་ཞི་གཡོགཔ་ཚུ་གི་ ཡར་སེང་ལུ་ གཞི་བཞག་ནི་ཨིན་པས།
ཞི་གཡོགཔ་ཚུ་ ཡར་སེང་འབད་བའི་སྐབས་ གོ་གནས་ཆུང་བ་ཚུ་ལུ་ བརྒྱ་ཆ་༢༩ དང་ གོ་གནས་ཆེ་རིམ་ཚུ་ལུ་ བརྒྱ་ཆ་༡༤ གི་བར་ན་ ཡར་སེང་འབད་ཡོདཔ་ཨིན་པས།
འདས་པའི་ཡར་སེང་ཚུ་ལུ་ གཞུང་གིས་ ཤུལ་སྤྲོད་སྦེ་ བྱིན་ཡོདཔ་ཨིན་རུང་ གཞུང་གིས་ བྱིན་ནིའི་གསལ་བསྒྲགས་མ་འབད་མི་དེ་ འགོ་དང་པ་ཨིནམ་ལས་ གཞུང་དབང་ཚོང་ལས་ཁང་གི་ ལས་བྱེདཔ་ཚུ་ སེམས་ཕམ་བྱུང་སྟེ་ཡོདཔ་ཨིན་པས།
ལས་སྡེ་ཅིག་ནང་ལཱ་འབད་མི་ བཀྲིས་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ གཞུང་གིས་ ཤུལ་སྤྲོད་མ་ཐོབ་སྦེ་བཟོ་མི་དེ་ལུ་ སེམས་མ་དགའ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤུལ་སྤྲོད་དེ་ སྤྱི་ཟླ་༦ པ་ལས་འགོ་བཙུགས་ སྤྱི་ཟླ་༡༡ པ་ཚུན་ མ་བྱིན་རུང་ ཟླཝ་དག་པ་ཅིག་གི་ བྱིན་ནིའི་རེ་བ་བསྐྱེད་ཡི་ཟེར་ཨིན་པས།
གཞུང་དབང་ཚོང་ལས་ཁང་ཚུ་གིས་ གཞུང་གི་འོང་འབབ་ལུ་ ལོ་བསྟར་བཞིན་དུ་ འོང་འབབ་ཁེ་སང་ལས་ འབོར་ཆེ་ཏོག་ཏོ་སྦེ་ བཏབ་དོ་ཡོདཔ་ལས་ ཁེ་རྒུད་མི་སྙོམས་པས་ཟེར་ བཤད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *