བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་།

གཞུང་དབང་ཚོང་ལས་ཁང་གི་འཆར་དངུལ་ དངུལ་རྩིས་ལྷན་ཁག་བརྒྱུད་དེ་ སྤྱི་ཚོགས་ལུ་ ཕུལ་དགོ་པའི་གྲོས་ཆོད།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ གྲོས་འདེབས་ཕུལཝ་བཞིན་དུ་ གཞུང་དབང་ཚོང་ལས་ཁང་ཆ་མཉམ་གྱི་ ལོ་བསྟར་འཆར་དངུལ་གྱི་གྲོས་འཆར་དེ་ དངུལ་རྩིས་ལྷན་ཁག་བརྒྱུད་དེ་ སྤྱི་ཚོགས་ཀྱི་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་ལུ་ བསྐྱར་ཞིབ་དོན་ལུ་ ཕུལ་དགོཔ་ད་ དམངས་རྩིས་ཚོགས་ཆུང་གིས་ འཕྲོ་མཐུད་དེ་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ ཆ་འཇོག་གྲུབ་ཅི།
དེ་དང་གཅིག་ཁར་ ཚོགས་ཆུང་གིས་ གཞུང་དབང་ཚོང་ལས་ཁང་ཚུ་གི་ ལག་ལེན་བསྐྱར་ཞིབ་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་མི་དེ་གིས་ འབྲུག་རྒྱུ་ནོར་གཞི་བཟུང་འོག་ལུ་ཡོད་པའི་ གཞུང་དབང་ཚོང་ལས་ཁང་ཚུ་ཡང་ གཞན་ཚོང་ལས་ཁང་ཚུ་དང་ སྤྱི་མཚུངས་སྦེ་ བསྐྱར་ཞིབ་འབད་དགོ་པའི་ཁར་ གཞུང་དབང་ཚོང་ལས་ཁང་ཚུ་གི་ མཉམ་འབྲེལ་བདག་དབང་ཡང་ བསྐྱར་ཞིབ་དང་ སྒྲིང་སྒྲི་བཟོ་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ཡང་ ཆ་འཇོག་གྲུབ་ཅི།
ཚོགས་དམང་གིས་ བསམ་འཆར་བཤད་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཚོང་ལས་ཁང་ཚུ་གིས་ ཁོང་རའི་སྒྲིག་གཞི་དང་ལམ་ལུགས་ དེ་ལས་ བཅའ་ཁྲིམས་ཚུ་ ཧེ་མ་ལས་ཡོདཔ་ལས་ ཁྲིམས་ལུགས་ཚུ་ཡང་ ལགཔ་རྐྱབ་དགོ་པའི་གནས་སྟངས་ཤར་ནི་ཨིནམ་ལས་ འཆར་དངུལ་ཚུ་ ཚོགས་ཁང་ལས་བརྒྱུད་དགོ་པའི་གྲོས་འདེབས་ལུ་ རྒྱབ་སྐྱོར་མེད་ཟེར་ ཞུ་ཡི།
བློན་ཆེན་གྱིས་ ཞུ་མིའི་ནང་ དཔེར་ན་ མི་སྡེ་ལུ་ཕན་པའི་ ཞབས་ཏོག་བྱིན་མི་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ ཀུན་གསལ་གསར་ཤོག་ལ་སོགས་པའི་ གཞུང་དབང་ཚོང་ལས་ཁང་ཚུ་གིས་ ཁེ་སང་བཟོ་མ་ཚུགས་པར་ཡོདཔ་བདེན་རུང་ དེ་ཚུའི་ འཆར་དངུལ་ཚུ་ ཚོགས་ཁང་བརྒྱུད་མ་དགོ་པར་ འབྲེལ་ཡོད་ཚོང་སྡེ་ཚུ་གི་ མཁས་མཆོག་དང་ འགོ་དཔོན་ཚུ་ འབོ་ཐོག་ལས་ དྲི་བཀོད་འབད་ནིའི་དབང་ཚད་ཚུ་ཡང་ ཚོགས་ཆུང་ལུ་ཡོད་མི་ལུ་བརྟེན་ཨིནམ་ད་ དམིགས་བསལ་གྱི་ཚོགས་ཆུང་ཅིག་ གཞི་བཙུགས་འབད་བ་ཅིན་ རྒྱབ་སྐྱོར་ཡོད་ཟེར་ ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ སྤྱི་ཚོགས་ཀྱིས་ བསྐྱར་ཞིབ་འབད་དགོཔ་ ངེས་ཏིག་ཨིན་མི་དེ་ཡང་ འབྲུག་གི་མི་མང་དངུལ་རྩིས་བཅའ་ཁྲིམས་ནང་ ཆ་ཚང་བཀོད་ཡོད་ནི་དེ་གིས་ཨིནམ་ལས་ ཁྲིམས་ཡང་དཀྲོགས་དགོཔ་མེད་ཟེར་ ཞུ་ཡི།
གཞུང་གི་ཚོང་ལས་ཁང་ཚུ་ ཁེ་སང་ཐོབ་རུང་ རྒུད་ཕོག་རུང་ དེ་སྦེ་ བཞག་ནི་མེན་མི་དེ་ཡང་ དམིགས་ཡུལ་ཅིག་ སྒེར་སྡེ་གིས་མཛད་མ་ཚུགས་མི་ གཞུང་གིས་ མཛད་མི་ལུ་བརྟེན་ཨིན་མས་ཟེར་ཞུ་ཡི།
འབྲུག་རྒྱུ་ནོར་གཞི་བཟུང་འོག་ལུ་ཡོད་མི་ ཚོང་ལས་ཁང་༡༩ བརྩིས་ཏེ་ གཞུང་དབང་ཚོང་ལས་ཁང་༣༨ ཆ་མཉམ་ར་ དངུལ་རྩིས་ལྷན་ཁག་འོག་ལུ་ཨིནམ་མ་ཚད་ ལྷན་ཁག་ནང་ ལྟ་རྟོག་སྡེ་ཚན་ཅིག་ཡོད་པའི་ ལོ་རྒྱུས་གོ་ཡོདཔ་བཞིན་དུ་ ལྷན་ཁག་གིས་ རྩིས་ཁྲ་ག་ཅི་ཡོད་རུང་ གནས་སྟངས་མདོར་བསྡུས་ཅིག་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་ལུ་ གསུང་དགོ་པའི་ཞུ་བ་ཨིན་ཟེར་ ཚོགས་ཆུང་གི་འཐུས་མི་ཡང་ཨིན་མི་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ཞུ་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ལྟ་རྟོག་དང་འཛིན་སྐྱོང་འབད་མི་ ལས་ཁུངས་ཀྱི་འོག་ལུ་ སྡེ་ཚན་ཅིག་ར་ བཟོ་སྟེ་ཡོད་མི་དེ་གིས་ ཞིབ་རྟོག་འབད་དེ་ ཟིན་བྲིས་བཏབ་ཡོད་མི་དེ་ ལག་པར་ལྷོད་ཡོདཔ་ལས་ འཕྲལ་མགྱོགས་ར་ གཞུང་ལུ་ ཕུལ་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཞུ་ཡི།
གཞུང་དབང་ཚོང་ལས་ཁང་ འབྲུག་རྒྱང་བསྒྲགས་དང་ འབྲུག་འགྲེམ་ འབྲུག་བཟའ་སྤྱོད་ལས་འཛིན་ཚུ་གི་དམིགས་གཏད་དེ་ ལྷན་ཁག་བཟུམ་ཡོདཔ་ལས་ རྒྱབ་སྐྱོར་གནང་དགོ་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།
ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ གཞུང་དབང་ཚོང་ལས་ཁང་ཚུ་གི་ གསར་སྒྲུབ་དང་ རྒྱུན་སྐྱོང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༤,༥༡༤ དེ་ཅིག་ ཚོགས་ཁང་ལས་ ཆ་འཇོག་གྲུབ་ནི་དེ་གིས་ ཚོགས་ཁང་ནང་ སྙན་ཞུ་དེ་ཕུལ་དགོཔ་འདུག་ཟེར་ གསུངས་ཡི།
དེ་ལས་ གྲོས་འདེབས་དང་འཁྲིལ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ ལགཔ་སེང་པའི་སྐབས་ འཐུས་མི་༤༠ ཡོད་ས་ལས་༢༠ འདྲན་འདྲ་སྦེ་སྡོད་པའི་སྐབས་ ཚོགས་དཔོན་གྱིས་ གྲོས་འདེབས་ལུ་ རྒྱབ་སྐྱོར་གནང་ཐོག་ལས་ ཆ་འཇོག་གྲུཅི།
དེ་དང་གཅིག་ཁར་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ འབྲུག་རྒྱུ་ནོར་གཞི་བཟུང་གི་ འོག་ལུ་ཡོད་པའི་ གཞུང་དབང་ལས་ཁང་༡༩ ཡང་ གཅིག་མཚུངས་སྦེ་ བསྐྱར་ཞིབ་མཛད་དགོ་པའི་ཁར་ གཞུང་དབང་ཚོང་ལས་ཁང་ཚུ་ག་རའི་ མཉམ་འབྲེལ་བདག་དབང་ཡང་ བསྐྱར་ཞིབ་དང་ སྒྲིང་སྒྲིང་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡི།
དེ་ལུ་ དངུལ་རྩིས་བློན་པོ་གིས་ དངུལ་རྩིས་ལྷན་ཁག་གི་འོག་ལུ་ཡོད་པའི་ གཞུང་དབང་ཚོང་ལས་ཁང་ཆ་མཉམ་གྱི་ བརྟག་ཞིབ་འབད་དེ་ གྲུབ་འབྲས་ཧ་ལམ་ཅིག་གུ་ ལྷོད་དེ་ཡོད་ཟེར་ ཞུ་ནི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཚོང་ལས་ཁང་ཚུ་གི་ དམིགས་ཡུལ་དང་ གྲུབ་འབྲས་ གཞུང་གི་མ་དངུལ་ཚུ་ ཆུད་ཟད་འགྱོ་མ་འགྱོ་བལྟ་ནིའི་གྲོས་འདེབས་དེ་ རྒྱབ་སྐྱོར་ཡོད་རུང་ དངུལ་རྩིས་ག་ར་ ཚོགས་ཆུང་བརྒྱུད་དེ་ འགྱོ་དགོ་པའི་གྲོས་འདེབས་དེ་ རྒྱབ་སྐྱོར་མེད་ཟེར་ཞུ་ཡི་ཟེར་ དོགས་སེལ་ཞུ་ཡི།
ཚོགས་དཔོན་གྱིས་ དོགས་སེལ་འབད་མིའི་ནང་ རྩིས་ལོ་༢༠༡༩ དང་༢༠༢༠ འི་ གཞུང་དབང་ཚོང་ལས་ཁང་གི་འཆར་དངུལ་དེ་ ཚོགས་ཁང་ནང་ལས་ ཐག་བཅད་ནི་དེ་གིས་ ཚོགས་ཁང་ནང་ ཤེས་རྟོགས་འབྱུང་དགོཔ་ གལ་ཆེ་ནི་དེ་གིས་ རྒྱབ་སྐྱོར་འབད་དགོ་མི་དེ་ཡང་ དེ་ལུ་བརྟེན་ཨིན་ཟེར་ གསུངས་ཡི།
ཁ་སྟོད་ལ་ཡ་གི་འཐུས་མི་ བསྟན་འཛིན་གྱིས་ གཞུང་དབང་ཚོང་ལས་ཁང་ཚུ་གིས་ ས་གནས་མཐའ་ཟུར་ཚུ་བརྩིས་ཏེ་ ཞབས་ཏོག་ཚུ་ སྙོམས་ཏོག་ཏོ་སྦེ་ ག་དེ་སྦེ་གནང་དོ་ག་ ཚོགས་ཁང་གིས་ བརྟག་ཞིབ་འབད་དེ་ སྤུས་ཚད་ཡར་དྲག་གཏང་ནི་ལུ་ རྒྱབ་སྐྱོར་ཡོད་ཟེར་ ཞུ་ཡི།
གྲོས་འདེབས་༢ པ་དེ་ཡང་ འཐུས་མི་མང་ཤོས་ཅིག་གིས་ རྒྱབ་སྐྱོར་གྱི་དོན་ལུ་ ལགཔ་སེང་ཐོག་ལས་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *