གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་ ཡོན་ཏན་སློབ་དཔོན་བསྐོ་བཞག་གནང་ཡོདཔ།

ཁ་ཙ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་ ཡོན་ཏན་སློབ་དཔོན་ དེ་ལས་ དགེ་ཚོགས་སློབ་དཔོན་༣ གསར་བསྐོ་གནང་ཡི།

དེ་ཡང་ བཀྲིས་སྒང་རབ་སྡེའི་ བླམ་གནས་བརྟན་བགྲེསཔ་ ཀརྨ་རང་གྲོལ་དེ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་ དགེ་ཚོགས་སློབ་དཔོན་བགྲེསཔ་ སྤྲུལ་སྐུ་རྣམ་རྒྱལ་དེ་ ཡོན་ཏན་སློབ་དཔོན་སྦེ་ བསྐོ་བཞག་གནང་ཡི།

གཙུག་ལག་སློབ་དཔོན་བགྲེསཔ་ བསམ་གཏན་རྡོ་རྗེ་དང་ ཡོན་ཏན་སློབ་དཔོན་བགྲེསཔ་ སྤྲུལ་སྐུ་འཕྲིན་ལས་༢ དགོངས་ཞུ་འབད་བའི་ཤུལ་ལས་ གསར་བསྐོ་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གནང་ཡོདཔ་བཞིན་དུ་ ཐིམ་ཕུག་དུར་ཁྲོད་ཀྱི་ དགེ་ཚོགས་སློབ་དཔོན་དེ་ བསྟན་འཛིན་ནོར་བུ་ བསྐོ་བཞག་གནང་ཡི།

གཡོན་ཁ་ཐུག་ལས་ དགེ་ཚོགས་སློབ་དཔོན་ བསྟན་འཛིན་ནོར་བུ་དང་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་ དེ་ལས་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ།

ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ།

སྐྱབས་རྗེ་ཁྲི་རབས་༦༥ པ་ འཇམ་དབྱངས་ཡེ་ཤེས་སེངྒེ་མཆོག་གི་ སྐུ་སྐྱེས་འཁྲུལ་མེད་དུ་ ངོས་འཛིན་གནང་བའི་ཤུལ་ དགུང་ལོ་༧ ལུ་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་གནང་སྟེ་ དགུང་ལོ་༡༤ ཚུན་ གར་ཐིག་དབྱངས་གསུམ་གྱི་ སློབ་སྦྱོང་མཐར་ཕྱིན་པའི་ཁར་ དགུང་ལོ་༡༥ ལུ་ ཕ་སྡིངས་བྱམས་ཁང་བཤད་གྲྭ་ནང་ མཁས་དབང་ལེགས་བཤད་རྒྱ་མཚོའི་ ཞབས་སར་བཅར་ཏེ་ དག་ཡིག་ནས་བཟུང་ རིག་གཞུང་ཡོངས་རྫོགས་སྦྱངས་ནུག།

དགུང་ལོ་༢༥ ལུ་ སྐྱབས་རྗེ་ཁྲི་རབས་༦༨ པ་ ཞིང་གཤེགས་རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གི་ཞབས་ལས་ ཕ་ཆོས་གདམས་ངག་སྡོང་པོ་གསུམ་དྲིལ་གྱི་གདམས་པའི་ ལོ་གསུམ་ཕྱོགས་གསུམ་གྱི་རིང་ ཉམས་སུ་བཞེསཔ་མ་ཚད་ རྟོགས་སྐྱོང་གི་རི་ཁྲོད་སོགས་སུ་ གནས་ངེས་མེད་བསྟེན་ནས་ རྟོགས་པ་ཉམས་འོག་ཏུ་ཆུད་པར་མཛད་ཡོདཔ་བཞིན་དུ་ ཤར་བདེ་གླིང་དང་ མཚམས་བྲག་དགོན་པའི་སྒྲུབ་དཔོན་ དེ་ལས་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་ཉེ་འདབས་མི་འཁྲུགས་ལྷ་ཁང་གི་ དགེ་ཚོགས་སློབ་དཔོན་སྦེ་ ཕྱག་ཞུ་ནུག།

གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ།

གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་མཆོག་ མོང་སྒར་རྩ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་ལས་ཨིནམ་ད་ དགུང་ལོ་༨ ལུ་ མོང་སྒར་གྲྭ་ཚང་ནང་ གར་ཐིག་དབྱངས་གསུམ་ལུ་ སྦྱངས་བརྩོན་གནང་པའི་ཁར་ དགུང་ལོ་༡༦ ལུ་ ཐིམ་ཕུག་ཕ་ཇོ་སྡིངས་ལུ་ སྐྱབས་རྗེ་དགེ་བཤེས་དགེ་འདུན་རིན་ཆེན་མཆོག་གི་ སྐུ་མདུན་ལས་ ལམ་གྱི་གཞི་མ་ སོ་ཐར་རིས་བདུན་ལས་ དགེ་ཚུལ་གྱི་སྡོམ་པ་དང་ དག་ཡིག་ལས་འགོ་བཙུགས་ཏེ་ གཞུང་རིག་གནས་ཚུ་ སྦྱངས་བརྩོན་གནང་ནུག།

སྤྱི་ལོ་༡༩༨༨ ལུ་ རྟ་མགོ་བཤད་གྲྭ་ འགོ་དང་པ་བཙུགས་པའི་སྐབས་ མཁས་དབང་ལེགས་བཤད་རྒྱ་མཚོའི་ སྐུ་མདུན་དུ་བཅར་ཏེ་ གཞུང་ཆེན་པོ་ཏི་བཅུ་གསུམ་གྱིས་གཙོས་པའི་ གཞུང་རིག་གནས་ཚུ་ སྦྱངས་བརྩོན་གནང་པའི་ཁར་ རྟ་མགོ་བཤད་གྲྭའི་ སྐྱོར་དཔོན་མཛད་ནུག།

དེ་བཟུམ་སྦེ་ སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ལས་ བསྙེན་རྫོགས་ཀྱི་སྡོམ་པ་དང་ བྱང་ཆུབ་སེམས་དཔའི་སྡོམ་པ་ དེ་ལས་ དཔལ་འབྲུག་པ་དཀར་བརྒྱུད་ཀྱི་དབང་ལུང་དང་ གདམས་ངག་ཡོངས་རྫོགས་གསན་པའི་ཁར་ སྒང་སྟེང་སྤྲུལ་སྐུའི་སྐུ་མདུན་ལས་ པད་གླིང་གི་སྐོར་ལ་སོགས་པའི་དབང་དང་ གདམས་ངག་ལེ་ཤ་ཅིག་ར་ གསན་གནང་ཡོདཔ་ཨིན་པས།

ད་རུང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་ མི་དབང་མངའ་བདག་རིན་པོ་ཆེ་རྣམ་གཉིས་ཀྱིས་ རྒྱལ་ཁབ་དང་ མི་སེར་ དེ་བཟུམ་སྦེ་ སངས་རྒྱས་ཀྱི་བསྟན་པ་ལུ་ ཕན་ནིའི་དོན་ལུ་ སྤྱི་ལོ་༢༠༠༣ ལུ་ བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་འབྲིང་རིམ་བཤད་གྲྭ་ གཞི་བཙུགས་གནང་པའི་སྐབས་ དེ་ཁའི་ མཁན་པོ་དང་པ་སྦེ་ ཁྲི་དར་གནང་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲ་ཤིས་སྒང་གྲྭ་ཚང་གི་ བླམ་གནས་བརྟན་དང་ བཀང་བཤད་གྲྭའི་མཁན་པོ་ཟུང་འབྲེལ་སྦེ་ མཛད་དགོ་པའི་བཀའ་གནང་དོ་བཟུམ་སྦེ་ ལོ་༥ ལྷགཔ་ཅིག་གི་རིང་ རྫོང་ཉམས་གསོ་ལ་སོགས་པའི་ ཕྱག་འགན་བཞེས་ནུག།

གཞན་ཡང་ སློབ་གྲྭ་ལ་སོགས་པའི་ དགེ་འདུན་གྱི་སྡེ་ཡང་ ལེ་ཤ་ཅིག་ར་ གསར་བཙུགས་གནང་ཡོདཔ་ད་ ཤར་ཕྱོགས་ཁ་ཐུག་ལུ་ སངས་རྒྱས་ཀྱི་བསྟན་པ་དང་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ཕྱག་ལཱ་ མང་རབས་ཅིག་ མཛད་གནང་པའི་མཐའ་མར་ གཞུང་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་ལྔ་ལས་ གཙུག་ལག་སློབ་དཔོན་གྱི་ ལེགས་དར་བཞེས་གནང་ཡི།

ལམ་འདྲེན་དགེ་ཚོགས་སློབ་དཔོན་ བསྟན་འཛིན་ནོར་བུ།

དགུང་ལོ་༥༢ བཞེས་མི་ ལམ་འདྲེན་དགེ་ཚོགས་སློབ་དཔོན་ བསྟན་འཛིན་ནོར་བུ་གིས་ དགུང་ལོ་༩ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་གནང་སྟེ་ ལོ་༡༥ ལྷགཔ་ཅིག་ཕྱག་ཞུ་ཡོདཔ་ད་ བྱ་ལ་དབུ་མཛད་ཀྱི་འགན་ཁུར་བཞེས་ནུག།

མདོ་སྡེ་བྲག་བཤད་གྲྭ་ནང་ ཡོན་ཏན་སློབ་དཔོན་སྐུ་བགྲེས་ རྟ་མགྲིན་ཚེ་དབང་དང་ ལས་ཚོགས་སློབ་དཔོན་སངས་རྒྱས་རྡོ་རྗེ་མཆོག་གི་ ཞབས་ས་ལས་ དབུ་མ་དང་ མངོན་པའི་སྐོར་ ལྷབ་སྦྱངས་གནང་ནུག།

གྲུབ་དབང་བླ་མ་བསོད་ནམས་བཟང་པོ་དང་ སྐྱབས་རྗེ་ཞིང་གཤེགས་ བསྟན་འཛིན་དོན་གྲུབ་དང་ ཉི་ཟེར་སྤྲུལ་སྐུ་ སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ རྡོ་རྗེ་སློབ་དཔོན་ཀུན་ལེགས་ གྲུབ་དབང་ཀརྨ་འགྱུར་མེད་ འདི་བཟུམ་སྦེ་ རྫོགས་ཆེན་གྱི་བླ་མ་ དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་ སྒང་སྟེང་སྤྲུལ་སྐུ་ཚུ་གི་ཞབས་ལས་ བསྐྱེད་རྫོགས་ཀྱི་གདམས་ངག་ཚུ་ཞུ་ཡོདཔ་ཨིན་པས།

དེ་ལས་ སྤང་དཀར་པོ་དགོན་པ་དང་ ལྕགས་རི་རྡོ་རྗེ་གདན་ དཔལ་གྱི་རི་སྒྲུབ་སྡེ་ཚུ་ནང་ ལོ་གསུམ་ཕྱོགས་གསུམ་ཐེངས་༣ གནང་པའི་ཤུལ་ལས་ ལྕགས་རི་དབུ་མཛད་དང་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཙོ་འཛིན་བླམ་ དེ་ལས་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ དགུན་བཞུགས་གནས་བརྟན་གྱི་ ཕྱག་འགན་བཞེས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *