ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན།

གཞུང་གིས་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ འཆར་གཞིའི་ལས་སྣ་ཚུ་ལུ་ གཙོ་རིམ་བཟུང་དོ་ཡོདཔ།

༉ གཞུང་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ སྐུལ་བསྒྲགས་འབད་ནི་བ་ ལོ་ལྔའི་འཆར་གཞི་༡༡ པའི་ འཆར་གཞི་བརྩམས་ཡོད་མི་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ནི་དེ་ ཚ་གྱང་ཅན་སྦེ་ བརྩི་དོ་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྲོས་འཛོམས་འཚོགས་པའི་སྐབས་ ད་རེས་ནངས་པར་ སྤྱི་ལོ་༢༠༡༨ ལུ་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ སྲིད་དོན་ཚོགས་པ་གསརཔ་ཚུ་ བཟོ་དོ་ཡོད་པའི་སྐོར་ལས་ གནས་ཚུལ་ཐོནམ་ད་ གཞུང་ལུ་ ཚ་གྱང་ག་དེ་སྦེ་ར་ ཕོགཔ་ཨིན་ན་ཟེར་བའི་ དྲི་བཀོད་སྐབས་ བཤད་ཅི།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ སྲིད་དོན་ཚོགས་པ་གསརཔ་ཐོན་མི་ལུ་ ཚ་གྱང་ལང་དགོ་པའི་ གཞི་དོན་མེད་ཟེར་ཨིནམ་ད་ བློན་པོ་གིས་ བཤད་མིའི་ནང་ གཞུང་གི་ལཱ་འགན་དེ་ ཁས་བླངས་འབད་མི་ཚུ་ འགྲུབ་ནི་དེ་ གཙོ་ཆེ་རུང་ སང་ཕོད་ཀྱི་བཙག་འཐུའི་དོན་ལུ་ཡང་ གྲ་སྒྲིག་འབད་དགོ་ཟེར་བཤད་ཅི།
བློན་པོ་གིས་ གཞུང་གི་ཚོགས་པའི་དྲུང་ཆེན་དང་ གཞན་ལཱ་འབད་མི་ཚུ་ཡོདཔ་ལས་ ཁོང་གིས་བཙག་འཐུ་དང་འབྲེལ་བའི་ ལཱ་ཚུ་འབད་དོ་ཡོདཔ་ལས་ གཞུང་གིས་ ད་ལྟོའི་གནས་སྟངས་ནང་ འཆར་གཞིའི་ལས་སྣ་ལེ་ཤ་ མཇུག་བསྡུ་དགོཔ་ཡོད་ཟེར་ཨིནམ་མ་ཚད་ བཙག་འཐུ་རན་ནི་ལུ་ ད་རུང་ ལོ་གཅིག་ཡོདཔ་ལས་ དུས་ཚོད་འདུག་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་གིས་འབད་རུང་ གཞུང་གིས་ཁས་བླངས་འབད་ཡོད་མི་ལྟར་དུ་ འགྲུབ་ཚུགས་མ་ཚུགས་ཚུ་ བལྟ་དགོ་ཟེར་བཤད་ཅི།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་གྱིས་ ཨ་རྟག་ར་ བློན་པོ་ཚུ་ལུ་ འཆར་གཞིའི་ལས་སྣ་ཚུ་ལུ་ གཙོ་རིམ་བཟུང་དགོཔ་སྦེ་ གསུངས་བཞིན་དུ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
བློན་པོ་གིས་ གཞུང་གི་ལོ་མཇུག་ནང་ གཞུང་གི་འཆར་གཞིའི་ལས་སྣ་ཚུ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ལས་ དེ་གིས་ སྐུལ་བསྒྲགས་བཟུམ་ཅིག་ཨིན་ཟེར་ཨིནམ་ད་ སྐུལ་བསྒྲགས་འབད་ནིའི་དོན་ལུ་ ཟླཝ་༣ དེ་ཅིག་ལས་ མི་དགོ་ཟེར་བཤད་ཡོདཔ་ད་ ལོ་མཇུག་གི་ ལཱ་གི་གྲུབ་འབྲས་དེ་གིས་ཡང་ གཞུང་གི་དོན་ལུ་ སྐུལ་བསྒྲགས་འབད་བཏུབ་ཟེར་བཤད་ཅི།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ གཞུང་གི་ སྐུལ་བསྒྲགས་དྲག་ཤོས་འབད་ནི་དེ་ མི་སེར་གྱི་དོན་ལུ་ ཕྱག་ཞུ་ནི་དེ་ཨིནམ་ལས་ དེ་གི་དོན་ལུ་ འཆར་གཞི་༡༡ པའི་ལས་སྣ་ཚུ་ ཚུལ་མཐུན་སྦེ་ མཇུག་བསྡུ་ནི་དེ་ཨིན་ཟེར་བཤད་ཅི།
དེ་འབདཝ་ལས་ མི་སེར་ཚུ་ར་འབད་རུང་ གདམ་ཁ་ལེགས་ཤོམ་སྦེ་ རྐྱབ་ནི་དེ་ འཆར་གཞི་༡༡ པའི་ ལཱ་གི་གྲུབ་འབྲས་ཚུ་ལུ་གཞི་བཞག་ནི་དང་ འཆར་གཞི་༡༢ པའི་དོན་ལུ་ འཆར་གཞི་ཚུ་ བཟོ་ནི་དང་ དེའི་དོན་ལུ་ མ་དངུལ་ཚུ་ གྲ་སྒྲིག་སྦེ་ བཞག་ནི་དེ་ གལ་ཆེ་ཟེར་ཨིན་པས།
གཞུང་གིས་ འཆར་གཞི་༡༡ པ་མཇུག་བསྡུ་སྟེ་ ཤུལ་མའི་ འཆར་གཞིའི་དོན་ལུ་ཡང་ མ་དངུལ་གྲ་སྒྲིག་འབད་བཞག་ནིའི་དོན་ལུ་ ལཱ་ཚུ་འབད་དོ་ཟེར་ བློན་པོ་གིས་བཤད་ཅི།
དེ་འབདཝ་ལས་ གཞུང་གི་དོན་ལུ་ སྐུལ་བསྒྲགས་སོ་སོར་འབད་དགོཔ་མེད་རུང་ ཚོགས་པ་གསརཔ་ ཐོན་མི་ཚུ་འབད་བ་ཅིན་ རྩ་བ་ལས་ འགོ་བཙུགས་དགོ་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *