གཞུང་གིས་ སྣུམ་འཁོར་གྱི་ ཐོབ་སྐལ་མེདཔ་བཟོ་ནིའི་འཆར་གཞི།

༉ སྤྱི་ཟླ་༧ པའི་ཚེས་༦ ལུ་ གནས་ཚུལ་ཞལ་འཛོམས་ འཚོགས་པའི་སྐབས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ གཞུང་གིས་ སྣུམ་འཁོར་གྱི་ ཐོབ་སྐལ་མེདཔ་ བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲལ་ཡངས་སྣུམ་འཁོར་གྱི་ ཐོབ་སྐལ་ལམ་ལུགས་དེ་ མེདཔ་བཟོ་དགོ་པའི་སྐོར་ལས་ འཐུས་མི་ཚུ་གིས་འབད་རུང་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ གཞུང་འཁོར་ པ་ར་ཌོ་དང་ སྣུམ་འཁོར་གྱི་ ཐོབ་སྐལ་ཡང་ འབག་སོང་པའི་ཤུལ་ལུ་ ཐོབ་སྐལ་བྱིན་དགོཔ་ཅིག་ མི་མཐོང་པས་ཟེར་སླབ་དོ་ཡོདཔ་ལས་ དེ་ལུ་ ངོས་ལེན་འབད་དགོཔ་འོང་ཟེར་ཨིན་པས།
འདས་པའི་གཞུང་གིས་ ནོར་བ་བྱུང་མི་ཚུ་ བཅོ་ཁ་རྐྱབ་ནིའི་དོན་ལས་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ བརྩོན་ཤུགས་བསྐྱེད་དོ་ཟེར་ བློན་པོ་རྟ་མགྲིན་རྡོ་རྗེ་གིས་ བཤད་པའི་ཁར་ མི༌མང་གི་ ཐོབ་སྐལ་ལམ་ལུགས་ལུ་བརྟེན༌ རྒྱལ་ཁམས་ལུ་ དངུལ་ཀྲམ་ཐེར་འབུམ་སྦེ་ སྐུ་གྱོང་ཕོག་མིའི་སྐོར་ལས་ སྐྱོན་བརྗོད་འབད་མིའི་ཐད་ལུ་ཡང་ བཤད་ཡོད་རུང་ ཁ་གསལ་སྦེ་ སླབ་མ་བཏུབ་པས།
གཞུང་གི་མགྲིན་ཚབ་ ཕྱི་འབྲེལ་བློན་པོ་གིས་ བཤད་མིའི་ནང་ གཞུང་གིས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ཐོབ་ཐངས་བཅའ་ཡིག་ འཕྲི་སྣོན་འབད་ནིའི་ འཆར་གཞི་ཡོད་མི་དེ་ཡང་ འཐུས་མི་དང་ བློན་པོ་ཚུ་གི་ ཐོབ་སྐལ་མེདཔ་བཟོ་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སགར་བཏོན་འབད་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ཁྲལ་ཡངས་ཕྱིའི་སྣུམ་འཁོར་གྱི་ ཐོབ་སྐལ་ལུ་བརྟེན་ འདས་པའི་ལོ་༥ འི་ ནང་འཁོད་ལུ་ ཁྲལ་འབབ་དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ གཞུང་ལུ་ གྱོང་རྒུད་ཕོག་པའི་ཁར་ མཐུན་རྐྱེན་དེ་ཡང་ མི་ཚུ་གིས་ ལོག་སྤྱོད་འབད་དོ་ཡོདཔ་ཨིན་པས།
གཞུང་གིས་གནང་མི་ སྣུམ་འཁོར་ཐོབ་སྐལ་ལུ་བརྟེན་ སྤྱི་ལོ་༢༠༡༤-༡༨ ལུ་ སྣུམ་འཁོར་༩,༠༠༠ ལྷགཔ་ཅིག་ ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༤ ལོའི་སྔ་ཆ་ལུ་ དངུལ་རྩིས་ལྷན་ཁག་གིས་ ཚད་ཅན་ཐོབ་སྐལ་༧,༢༦༥ དང་ ཆ་ཚང་ཐོབ་སྐལ་༡,༢༨༨ བྱིན་མིའི་གྲས་ལས་༡,༠༩༢ དེ་ གཞུང་གི་སྣུམ་འཁོར་ཨིན་པས།
གཞུང་འཁོར་དང་ ཕྱིའི་སྣུམ་འཁོར་ ཐོབ་སྐལ་ལམ་ལུགས་ཀྱི་ཐད་ལུ་ དབང་འཛིན་གྱིས་ བཀོད་མིའི་ནང་ སྣུམ་འཁོར་གྱི་ ཁྲལ་མ་བཏབ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་རྫོགས་པའི་ཁར་ སྣུམ་འཁོར་དང་ ཡན་ལག་ཅ་ཆས་ དེ་ལས་ མར་ཁུ་ནང་འདྲེན་འབད་ནི་ ཡར་སེང་སོང་ནུག་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ མ་དངུལ་ལངམ་སྦེ་ ཡོད་པ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་ གནས་ཡུན་མཇུག་བསྡུ་ཁམས་ལུ་ དངུལ་ཕོགས་ཡར་སེང་འབད་འོང་ཟེར་ཨིནམ་ད་ གཞུང་གིས་ ལཱ་གཡོག་ཡོད་མི་དང་ མེད་མི་དང་འཁྲིལ་ཏེ་ མི་སེར་ག་ར་ལུ་ དགོངས་ཞུའི་ཟུར་ཕོགས་བྱིན་ནི་སྐོར་ལས་ ལོ་རྒྱུས་སླབ་པའི་བསྒང་ཡོད་ཟེར་ཨིན་པས།
མི་ག་ར་གིས་ དགོངས་ཞུའི་མི་ཚེ་དེ་ ལེགས་ཤོམ་སྦེ་ སྡོད་ནི་གི་ ཐོབ་ལམ་ཡོད་རུང་ འཆར་དངུལ་མེདཔ་ལས་ ད་རེས་ འབད་མ་ཚུགས་ཟེར་ ཕྱི་འབྲེལ་བློན་པོ་གིས་བཤད་ཅི།
མ་དངུལ་གྱི་ཐད་ལུ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ཁྲལ་ཡར་སེང་གི་ ཐབས་ལམ་ལུ་བརྟེན་ དངུལ་ཀྲམ་ཐེར་འབུམ་༡༠ དེ་ཅིག་ བསྡུ་ལེན་འབད་ཚུགས་ནི་དང་ ཁྲལ་བཏབ་ནིའི་ ལམ་ལུགས་དེ་ ཡོངས་འབྲེལ་ཐོག་ལས་ བཟོ་ནི་ཨིནམ་ལས་ ཁྲལ་མ་བཏབ་མི་དང་ ཁྲལ་ལས་ཟུར་ཐབས་འབད་མི་ཚུ་ བཏབ་ཚུགསཔ་བཟོ་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *