ཤེས་རིག་བློན་པོ་ ཇའི་བིར་རའི།

གཞུང་གིས་ སྐྱེ་ལོ་༥ ལང་མི་ ཨ་ལོ་ཚུ་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ནི་ལུ་གྲ་སྒྲིག།

༉ ཤུལ་མའི་ཟླ་མཇུག་ལས་ སྐྱེས་ལོ་༥ ལང་མི ཨ་ལོ་ཚུ་ སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནིའི་དོན་ལས་ སློབ་གྲྭ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ གྲ་སྒྲིག་འགྱོ་ནི་ཨིན་པས།
གཞུང་གིས་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ནིའི་ ལོ་ཚད་དེ་ དུས་ཅིའི་སློབ་དུས་ལས་ སྐྱེས་ལོ་༦ ལས་༥ ལུ་ མར་ཕབ་འབད་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ དགོས་མཁོ་ཅན་གྱི་ ལཱ་ཚུ་འབད་ནི་ འགོ་བཙུགས་ཅི་ཟེར་ ཤེས་རིག་བློན་པོ་ ཇའི་བིར་རའི་གིས་ རྒྱལ་ཡོངས་ཚོགས་ཁང་ནང་ཞུ་ཡི།
ཨ་ལོའི་འཛུལ་ཞུགས་དེ་ཡང་ དབྱེ་ཁག་༢ སྦེ་ འབད་ནི་ཨིན་མི་དེ་ཡང་ དབྱེ་ཁག་དང་པ་དེ་ ད་རིས་ལས་དང་ དབྱེ་ཁག་གཉིས་པ་དེ་ སྤྱི་ཟླ་༣ པའི་ཚེས་༣༠ ལས་ འགོ་བཙུགས་ནི་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༡༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ནང་ ཤེས་རིག་བློན་པོ་གིས་ དུས་ཅིའི་སློབ་དུས་ནང་ ཨ་ལོ་སྐྱེས་ལོ་༥.༦ ལང་མི་༡༠,༠༠༠ དེ་ཅིག་ནང་ ལོ་༥ ལང་མི་ ཨ་ལོ་༦,༠༠༠ དེ་ཅིག་འདུག་ཟེར་ཞུ་ཡི།
ཨ་ལོ་ཚུ་ འཛུལ་ཞུགས་འབད་ནི་དང་འབྲེལ་ གཞུང་གིས་ གྲ་སྒྲིག་གི་ ཞིབ་འཚོལ་འབད་བའི་སྐབས་ ཁ་སྐོང་སློབ་ཁང་༡༤༡ དང་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་རྐྱབ་དགོཔ་ ཡོད་པའི་ཁར་ སློབ་དཔོན་༢,༠༧༠ དེ་ཅིག་ དགོཔ་སྦེ་ སྔོན་རྩིས་བཏོན་ཏེ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡི།
སྨིན་སྦིས་-བཙན་མཁར་གྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་འབད་བ་ཅིན་ གཞུང་གིས་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ནིའི་ལོ་ཚད་༦ ལས་༥ ལུ་ མར་ཕབ་འབད་མི་ལུ་ རྒྱབ་སྐྱོར་ཡོད་རུང་ གཞུང་གི་སློབ་གྲྭ་ཚུ་ནང་ སློབ་ཁང་དང་ སློབ་དཔོན་ མཁོ་ཆས་མ་ལང་པའི་ དཀའ་ངལ་ལེ་ཤ་བྱུང་སྟེ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ གནས་སྡུད་དང་འཁྲིལཝ་ད་ གཞུང་གི་སློབ་གྲྭ་ཚུ་ནང་ བློ་གསར་ལས་ སློབ་རིམ་༦ པ་ཚུན་གྱི་ སློབ་ཕྲུག་རེ་ལུ་ གཞུང་གིས་ དངུལ་ཀྲམ་༢༨,༧༩༥ དེ་རེ་ ཟད་འགྲོ་བཏང་ཡོད་རུང་ སྒེར་གྱི་སློབ་གྲྭའི་ཐད་ལུ་ ལོ་༡ གི་ནང་འཁོད་ལུ་ སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༡༨,༠༠༠ རེ་ལས་བརྒལ་ ཟད་འགྲོ་མ་བཏངམ་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ གཏང་པ་ཅིན་ ཕན་བརླབས་ཆེ་ནི་མས་ཟེར་ འཐུས་མི་གིས་ཞུ་ཡི།
འཐུས་མི་གིས་འབད་བ་ཅིན་ ཤེས་རིག་འགོ་དཔོན་དང་ སློབ་དཔོན་ཚུ་གི་བར་ན་ གྲོས་བསྟུན་འབད་བའི་སྐབས་ གཞུང་གིས་ གྲ་སྒྲིག་ག་ནི་ཡང་མེད་པར་ གསལ་བསྒྲགས་འབད་དོ་བཟུམ་ཡོདཔ་ལས་ བཀའ་རྒྱ་གནང་ནི་འཇམ་རུང་ ལག་ལེན་འཐབ་མི་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་འདུག་ཟེར་ཨིནམ་ད་ ད་ལྟོའི་བློ་གསར་སློབ་རིམ་གྱི་ རྩ་གཞུང་དེ་ ཨ་ལོ་༦ གི་དོན་ལུ་ཨིནམ་ལས་ དེ་ཚུ་ཡང་ གྲ་སྒྲིག་ཚུ་ ག་དེ་སྦེ་ འབད་དེ་ཡོད་ག་ཟེར་ཞུ་ཡི།ཤེས་རིག་བློན་པོ་གིས་འབད་བ་ཅིན་ རྩ་གཞུང་གི་ཐད་ལུ་ རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་ རྩ་གཞུང་གི་ མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་བའི་སྐབས་ ཧེ་མའི་ ཆོས་ཚན་ཚུ་གིས་ མ་བཏུབ་མེད་ཟེར་ སླབ་པའི་ཁར་ ལྷན་ཁག་གིས་ ཤེས་རིག་གྱི་ སྲིད་བྱུས་ཡང་ བཟོ་དོ་ཟེར་ ཞུ་ཡི།
སློབ་དཔོན་དང་ སློབ་ཕྲུག་གི་ ཆ་ཚད་ཚུ་ཡང་ བལྟ་དོ་ཡོདཔ་མ་ཚད་ སློབ་དཔོན་ཞིབ་རོགས་ཚུ་ བཙུགས་ནིའི་དོན་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་འབད་དོ་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *