གཞུང་གིས་ སོ་ནམ་པ་ཚུ་ལུ་ ཐོན་སྐྱེད་ཡར་སེང་ འབད་དགོ་པའི་བཀའ་སྐུལ།

༉ འཛམ་གླིང་ནང་ ཁྱབ་སྤེལ་སོང་ཡོད་མི་ ནད་ཡམས་COVID-19 ལུ་བརྟེན་ རྒྱལ་ཁབ་ཀྱི་ སྤྱིར་བཏང་དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོད་རུང་ སོ་ནམ་པ་ཚུ་གི་དོན་ལུ་ སོ་ནམ་ཐོན་སྐྱེད་ཡར་སེང་འབད་ནི་གི་ གོ་སྐབས་ཅིག་ཡང་ཨིན་པས།
དེ་ཡང་ འབྲུག་གིས་ COVID-19 ནད་འབུབ་བཀག་ཐབས་ལུ་ ས་མཚམས་བདའ་སྟེ་ཡོད་མི་ འཛུལ་སྒོ་ག་ར་ སྒོ་བསྡམས་ཡོདཔ་མ་ཚད་ རྒྱ་གར་རྒྱལ་ཁབ་ཡང་ ད་ལྟོ་ བདུན་ཕྲག་གསུམ་གྱི་དོན་ལུ་ སྒོ་བསྡམས་བཞག་མི་དང་བསྟུན་ ཚོད་བསྲེ་རིགས་དང་ ཤིང་འབྲས་ རྡོག་མ་པ་ནེ་ དེ་ལས་ ཤ་རིགས་ཚུ་ ནང་འདྲེན་འབད་ནི་ བཀག་དམ་འབད་ཡོདཔ་ལས་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ལུ་ རང་བཞིན་གྱིས་ར་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་ནི་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ ས་གནས་གཞུང་དང་ སོ་ནམ་རྒྱ་སྐྱེད་འགོ་དཔོན་བརྒྱུད་དེ་ སོ་ནམ་པ་ཚུ་ལུ་ ཐོན་སྐྱེད་ཡར་སེང་འབད་དགོ་པའི་ ཁྱབ་བསྒྲགས་འབད་ནུག།
རྫོང་ཁག་༢༠ འི་ རྫོང་བདག་ཚུ་གི་ འགོ་འདྲེན་ཐོག་ རྫོང་ཁག་རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ལུང་ཕྱོགས་སོ་ནམ་དང་ སྒོ་ནོར་ཞིབ་འཚོལ་ལྟེ་བ་ཚུ་གིས་ སོ་ནམ་པ་ཚུ་ལུ་ བཟའ་འཐུང་གི་ཐོན་སྐྱེད་ ཡར་དྲག་གཏང་ནིའི་དོན་ལུ་ རྒྱབ་སྐྱོར་གང་དྲག་འབད་གནང་ཟེར་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཡི་གུ་བཏང་ཡོདཔ་ཨིན་པས།
གཞུང་གིས་ ཀོ་རོ་ན་བའེ་རཱསི་དེ་ ཚ་གྱང་མེན་པར་ སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་ནི་གི་ གནས་སྟངས་བཟང་པོ་ཅིག་སྦེ་ བརྩི་འཇོག་འབད་དགོ་ཟེར་ བཀོད་ཡོདཔ་ད་ ནད་ཡམས་དེ་ ནང་འཁོད་ཐོན་སྐྱེད་ཀྱིས་ རྒྱལ་ཡོངས་ལུ་ ལང་ཚུགས་མི་ཚུགས་ བལྟ་ནི་ལུ་ གོ་སྐབས་བཟུམ་ཅིག་ཨིན་མས་ཟེར་ སོ་ནམ་བློན་པོ་གིས་ བཤདཔ་ཨིན་པས།
སོ་ནམ་བློན་པོ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ རང་སོའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མེད་མི་དེ་ཡང་ གཞུང་གིས་ སོ་ནམ་ཞིང་ནང་ར་ འོང་ཐོག་ལས་ ཉོ་ནི་ཨིན་རུང་ གོང་ཚད་ཚུ་ ཚད་ལྡན་སྦེ་དགོ་ཟེར་ཨིན་པས།
ཁ་ཙ་ སོ་ནམ་ལྷན་ཁག་གིས་ རྫོང་ཁག་གཞན་ལས་ ཕུན་ཚོགས་གླིང་ལུ་ ཚོད་བསྲེ་ལྷོད་ནི་ལུ་ དུས་ཚོད་འགོར་ནི་ཨིནམ་ལས་ ཚོད་བསྲེའི་དཀའ་ངལ་ འཐོན་ནི་ཨིན་རུང་ ཐིམ་ཕུག་དང་ རྫོང་ཁག་གཞན་ཚུ་ནང་ ཚོད་བསྲེ་མ་ཐོབ་པའི་ སྤྱགས་སྡུག་འཐབ་མི་དགོ་ཟེར་ ཁྱབ་བསྒྲགས་འབད་ནུག།
ཚོད་བསྲེ་ནང་འདྲེན་དེ་ ས་མཚམས་ཉེན་སྲུང་གི་དོན་ལུ་ གནས་སྐབས་ཅིག་ བཀག་ཆ་འབདཝ་མ་གཏོགས་ གནས་སྟངས་ལེགས་ཤོམ་ འགྱོ་བ་ཅིན་ ཤུལ་ལས་ ནང་འདྲེན་འབད་ཚུགས་ཟེར་བཀོད་ནུག།
གཞུང་གིས་ སོ་ནམ་པ་ཚུ་ལུ་ བཟའ་འཐུང་གི་ ཐོན་སྐྱེད་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ བཏོན་ནི་དང་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ཚོང་དང་བཟོ་གྲྭ་ཆུང་བའི་ དངུལ་ཁང་དང་ དངུལ་འབྲེལ་གཙུག་སྡེ་ གཞན་ཚུ་ལས་ སྐྱེད་ཉུང་མཐའ་དང་ སྐྱེད་མེད་པའི་ སྐྱིན་འགྲུལ་འཐོབ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
ལྷན་ཁག་གིས་ སོ་ནམ་པ་ཚུ་ལུ་ ཚན་རིག་དང་ མཐུན་རྐྱེན་བཟོ་སྐྲུན་འབད་ནིའི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་གི་ རྒྱབ་སྐྱོར་ཚུ་ཡང་ འབད་ནི་ཨིན་པས།
རང་བཞིན་ཐོན་སྐྱེད་ཀྱི་ གནས་སྡུད་དང་འཁྲིལཝ་ད་ འབྲུག་གིས་ སྤྱི་ལོ་༢༠༡༩ ཟླ་༦ པའི་ནང་འཁོད་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༥༢.༩༦ གནས་པའི་ ཚོད་བསྲེ་མེ་ཊིག་ཊཱན་༡༠,༤༥༤ ནང་འདྲེན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ མེ་ཊིག་ཊཱན་༡༧,༨༥༥ འབདཝ་ད་ དངུལ་ཀྲམ་ས་ཡ་༡༦༦.༡༧ གནས་པའི་ ཚོད་བསྲེ་ནང་འདྲེན་འབད་ཡོདཔ་མ་ཚད་ ཤ་རིགས་ཀྱི་ཐད་ལུ་ སྤྱི་ལོ་༢༠༡༩ ཟླ་༦ པའི་ནང་ དངུལ་བཀྲམ་ས་ཡ་༤༨༥ དེ་ཅིག་གི་ ཤ་མེ་ཊིག་ཊཱན་༣,༣༡༩ ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༧ ཟླ་༦ པའི་ནང་ དངུལ་ཀྲམ་ས་ཡ་༤༠༥ གནས་པའི་ ཤ་མེ་ཊིག་ཊཱན་༢,༨༩༣ ནང་འདྲེན་འབད་ནུག།
དེ་མ་ཚད་ དངུལ་ཀྲམ་ས་ཡ་༦༢ གནས་པའི་ ཉ་ཊཱོན་༤༡༥.༨ ན་ཧིང་ སྤྱི་ཟླ་༦ པའི་ནང་ ནང་འདྲེན་འབད་ཡོདཔ་ཨིན་པས།
ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ ལཱ་གཡོག་མེད་པར་ སྡོད་མི་ཚུ་ གཡུས་ཁར་སོང་སྟེ་ ལཱ་འབད་ནིའི་ གོ་སྐབས་ཡོདཔ་ལས་ གཞུང་གི་དཔལ་འབྱོར་ ཕན་ཐབས་འཆར་གཞི་དེ་ནང་ སོ་ནམ་ལས་སྡེ་ཚུ་ བཙུགས་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ སོ་ནམ་པ་ཚུ་གིས་ བཤད་མིའི་ནང་ ཞིང་ཆུ་དང་ ཞིང་ལམ་མཐུད་སྦྲེལ་མེད་པའི་ གདོང་ལེན་བྱུང་མི་ལུ་བརྟེན་ ཐོན་སྐྱེད་ཚུ་ ཡར་སེང་འབད་ནི་ལུ་ དཀའ་ངལ་ཡོད་ཟེར་ཨིན་པས།
ལོ་བསྟར་སོ་ནམ་གནས་སྡུད་དང་འཁྲིལཝ་ད་ འབྲུག་གིས་ སྤྱི་ལོ་༢༠༡༨ ལུ་ ཚོད་བསྲེ་མེ་ཊིག་ཊཱན་༨༢,༨༧༧ ཐོན་སྐྱེད་འབད་ཡོད་རུང་ སྤྱི་ལོ་༢༠༡༩ གི་ གནས་སྡུད་གསར་བཏོན་ མ་འབད་བས།
ཤ་དང་ ཉ་མེ་ཊིག་ཊཱན་༣,༥༡༧ དང་༢༠༠ ཐོན་སྐྱེད་འབད་ཡོད་པའི་ཁར་ སྤྱི་ལོ་༢༠༡༤ ལུ་ བྱ་ཤ་མེ་ཊིག་ཊཱན་༩༤༤ ལས་ སྤྱི་ལོ་༢༠༡༨ ལུ་ ཊཱན་༡,༦༨༧ དེ་ཅིག་ ཡར་སེང་འབད་ནུག།
ནོར་ཤ་དེ་ འབྲུག་མི་མང་ཤོས་ཅིག་གིས་ ཟ་དོ་ཡོད་རུང་ མེ་ཊིག་ཊཱན་༦༣༧ ལས་༤༡༠ ལུ་ མར་བབས་སོང་ཡོདཔ་ད་ སོ་ནམ་ལས་སྡེ་གིས་ རྒྱལ་ཁབ་ཀྱི་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༦༥ ལྷགཔ་ཅིག་ལུ་ ལཱ་གཡོག་བྱིན་དོ་ཡོད་པའི་ཁར་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ནང་ བརྒྱ་ཆ་༢༠ ལྷན་ཐབས་འབདཝ་ཨིན་པས།
ཤ་རིགས་བཀག་དམ།
COVID-19 ནད་ཡམས་བཀག་ཐབས་ལུ་ ཤ་རིགས་ནང་འདྲེན་ཚུ གཞུང་འབྲེལ་ཐོག་ གསལ་བསྒྲགས་མ་འབད་ཚུན་ འཕྲོ་མཐུད་དེ་ར་ བཀག་དམ་འབད་ཡོདཔ་ལས་ མི་མང་གིས་ རྒྱབ་སྐྱོར་གང་དྲག་འབད་གནང་ཟེར་ཨིན་པས།
ཨིན་རུང་ ནང་འཁོད་ལས་ཐོན་མི་ ཤ་རིགས་ཚུ་ བཙོང་ཆོག་ནི་ཨིནམ་ད་ ཚོང་པ་ཚུ་གིས་ གསོ་བའི་འཕྲོད་བསྟེན་གྱི་ ཚད་གཞི་ཚུ་ ཚུན་མཐུན་སྦེ་ ལག་ལེན་འཐབ་དགོཔ་མ་ཚད་ གོང་ཚད་ཡར་སེང་ འབད་ནི་མི་འོང་ཟེར་ ཁྱབ་བསྒྲགས་ནང་བཀོད་ནུག།
ཉ་སྐམ་གྱི་རིགས་ཚུ་ ཧེ་མ་ལས་ ནང་འདྲེན་འབད་དེ་ བཞག་མི་ཚུ་ བཙོང་ཆོག་ནི་མ་གཏོགས་ ནང་འདྲེན་གསརཔ་ འབད་མི་ཆོག་ནི་ཨིན་པས།
འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ལམ་འགྲུལ་གྱི་ སྒོ་ར་ཁག་ཚུ་དང་ རྒྱལ་ཁབ་ནང་འཁོད་ཀྱི་ཁྲོམ་ གཞན་ཡང་ ས་ཕྱོགས་སོ་སོ་ལས་ཕར་ ཞིབ་དཔྱད་ཚུ་ དམ་དམ་སྦེ་ར་ འབད་འོང་ཟེར་ སོ་ནམ་བློན་པོ་གིས་ ཁྱབ་བསྒྲགས་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྒྱ་འབྲུག་གི་ས་མཚམས་བདའ་སྟེ་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ཏམ་ཁུའི་ནག་ཚོང་ལུ་བརྟེན་ མི་༡༩ འཛིན་བཟུང་འབད་ནུག། ༉ འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ འབུ་ནི་དང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ …

Leave a Reply

Your email address will not be published. Required fields are marked *