གཞུང་གིས་ ལས་འཆར་འགོ་བཙུགས་མི་ཚུ་ གྲུབ་འབྲས་ཨིན་པའི་བརྩི་འཇོག།

༉ འབྲུག་མཉམ་རུབ་ཚོགས་པའི་གཞུང་ དབུ་བརྙེས་ཏེ་ ཁ་ཙ་ ལོ་༡ ལངམ་དང་བསྟུན་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་ ལས་འཆར་མང་རབས་ཅིག་ འགོ་འདྲེན་འཐབ་མི་དེ་ གཞུང་གི་ གྲུབ་འབྲས་ཅིག་སྦེ་ བརྩི་འཇོག་འབད་དགོ་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ གྲོས་ཐག་སྒྲིང་སྒྲི་སྦེ་ བཅད་ཚུགས་མི་དེ་ཡང་ གྲུབ་འབྲས་ཅན་ཅིག་ཨིན་ཟེར་ཨིནམ་ད་ སྤྱིར་བཏང་མི་དང་ བརྡ་བརྒྱུདཔ་མང་ཤོས་ཅིག་གིས་ གཞུང་གིས་ ལས་འཆར་འགོ་འདྲེན་འཐབ་མི་ཚུ་ གྲུབ་འབྲས་ཨིན་ཟེར་བའི་ ཆ་གནས་མི་འབད་ཟེར་ བློན་ཆེན་གྱིས་ བཤད་ཅི།
བསམ་ཞིབ་དེ་བཟུམ་ཨིན་པ་ཅིན་ འཛོལ་བ་ཨིན་ཟེར་ཨིནམ་ད་ ལས་རིམ་འགོ་འདྲེན་འཐབ་མི་ ལ་ལོ་ཅིག་ སྣང་མེད་ལུས་ནི་དང་ བཙག་འཐུ་ལས་གྲུབ་པའི་གཞུང་གིས་ འོས་འབབ་མེད་པའི་ ལཱ་འབད་དོ་བཟུམ་སྦེ་ མཐོང་འོང་ཟེར་ཨིན་པས།
དེ་འབདཝ་ལས་ གཞུང་གི་གྲུབ་འབྲས་ཚུ་མཇལ་ནི་ལུ་ རིག་པ་ཅན་གྱི་ འཕྲུལ་ཆས་མེད་ཟེར་ཨིནམ་ད་ གལ་སྲིད་འཕྲུལ་ཆས་ཡོད་པ་ཅིན་ ང་གིས་ སག་ལང་དགོཔ་ཨིན་རུང་ འཇམ་ཏོང་ཏོ་ཅིག་མེད་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་ཅི།
བློན་ཆེན་གྱིས་ གསུངས་མིའི་ནང་འདས་པའི་ལོ་༡ གི་ནང་འཁོད་ལུ་ ལོ་༥ གིས་མ་དོ་བར་ མི་ཚེ་གཅིག་གི་ གཞི་རྟེན་བཙུགས་ཏེ་ཡོད་པའི་ཁར་ ལོ་ངོ་དང་པའི་ནང་ ལྷན་ཁག་ག་རའི་ནང་ དམིགས་འཆར་བཟོ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ མི་ཚུ་གིས་ གཞུང་གི་གྲུབ་འབྲས་ཚུ་ མངོན་གསལ་སྦེ་བལྟ་བ་ཅིན་ ཡིད་ཆེས་བསྐྱེད་མི་ཚུགས་ཟེར་ཨིནམ་ད་ མ་འོངས་ཡུན་བརྟན་གྱི་དོན་ལུ་ རྒྱལ་ཡོངས་ཀྱི་དམིགས་འཆར་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
མི་ཚུ་གིས་ སྐྱོན་བརྗོད་འབད་རུང་ ཞི་གཡོགཔ་གི་དངུལ་ཕོགས་ཡར་སེང་དང་ སློབ་རིམ་༡༠ པ་ལས་ སློབ་རིམ་༡༡ པའི་ནང་ ཤེས་ཡོན་འཕྲོ་མཐུད་ལྷབ་ནི་ལུ་ སྐུགས་ཀྱི་ཚད་གཞི་ མེདཔ་བཟོ་མི་དེ་ མངོན་གསལ་ཅན་གི་ འགོ་འདྲེན་འཐབ་ཡོདཔ་སྦེ་ བརྩི་འཇོག་འབད་འོང་ཟེར་ཨིན་པས།
ལོ་༥ འི་འཆར་གཞི་དང་ འཆར་དངུལ་གི་ བྱ་རིམ་གིས་མ་དོ་བར་ འབྲེལ་ཡོད་གསོ་བ་དང་ ཤེས་རིག་གི་སྲིད་བྱུས་ཚུ་ཡང་ ཚབས་ཅན་སྦེ་ར་ ལྟ་དོ་ཡོདཔ་ད་ ཤེས་རིག་ལེགས་བསྒྱུར་དེ་ཡང་ ལཱ་གཡོག་དང་འཁྲིལ་ཏེ་ བཟོ་ནིའི་འོས་འབབ་ཚུ་ ལྟ་དོ་ཟེར་ཨིན་པས།
འབྲུག་པའི་ན་གཞོན་ཚུ་གིས་ བཟོ་སྐྲུན་གྱི་ལཱ་འབད་མི་བཏུབ་ནི་དང་ བཟོ་སྐྲུན་ལས་སྡེ་ནང་ གསར་བཏོད་ཅན་གྱི་ལཱ་ཡོད་པ་ཅིན་ ན་གཞོན་ཚུ་གིས་འབད་རུང་ ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་ཚུགས་དོ་བཟུམ་མའི་ ཤེས་རྟོགས་བྱུང་ཡོདཔ་ལས་ ལག་ཤེས་དང་འཕྲུལ་རིག་ལས་རིམ་དེ་ འོང་དོ་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ མཐོ་རིམ་ཤེས་ཚད་འཆང་མི་ བརྒྱ་ཆ་༦༦ དེ་ཅིག་ ལཱ་གཡོག་མ་ཐོབ་པར་ཡོད་པའི་ཁར་ དུས་ཀྱི་འགྱུར་བ་བསྟུན་ འཕྲུལ་རིག་དེ་ དགོས་མཁོ་ཅན་ཅིག་ཨིནམ་ལས་ འཆར་གཞི་༡༢ པའི་ ལས་སྣ་ཚུ་གིས་མ་དོ་བར་ ཌི་ཇི་ཊཱལ་འབྲུག་ཡུལ་ཟེར་མི་ དམིགས་བསལ་ལས་རིམ་ཅིག་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
དུས་ཚོད་མེདཔ་ལས་ འདས་པའི་གཞུང་གིས་ འཆར་གཞི་༡༢ པ་ ཟིན་བྲིས་བཏབ་མི་ག་ར་ འབད་ནི་ལུ་ སྟོབས་ཤུགས་ལུ་ མ་ཐོབ་ཟེར་ཨིནམ་ད་ འཆར་གཞིའི་དུས་ཚོད་དེ་ རྩིས་ལོ་དང་འཁྲིལ་ཏེ་ འགྱོ་དགོཔ་ལས་ གཞུང་གིས་ ཟླཝ་དག་པ་ཅིག་ ལཱ་མ་འབད་བར་ འཕྲོ་བརླག་ཡར་སོ་ཡི་ཟེར་ཨིནམ་ད་ གལ་སྲིད་ གནས་སྟངས་དེ་བཟུམ་སྦེ་ སྡོད་པ་ཅིན་ མ་འོངས་པ་ལུ་ འཆར་གཞི་དང་ རྩིས་ལོ་བར་ནའི་ཁྱད་པར་དེ་ སྦོམ་སྦེ་ར་ ཆགས་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ དཔེ་བཟུམ་ཅིག་སྦེ་ གསུངས་མིའི་ནང་ ཁོ་ར་ ཧཱ་ལུ་ལྟ་སྐོར་འགྱོ་ནི་དང་ རྩིས་ལོ་མཇུག་བསྡུཝ་དང་འབྲེལ་ ཏི་རུ་ག་ར་ དངུལ་རྩིས་ལྷན་ཁག་ལུ་ བྱིན་དགོཔ་ལས་ གཞུང་འབྲེལ་གྱི་ ལྟ་སྐོར་ཡང་ ང་རའི་ཏི་རུ་ ལག་ལེན་འཐབ་སྟེ་ འགྱོ་དགོཔ་བྱུང་ཡི་ཟེར་ཨིན་པས།
དེ་ལས་ འཆར་དངུལ་བཟོ་ནི་དང་ བགོ་བཀྲམ་འབད་དེ་ ཟླཝ་དག་པ་ཅིག་ འཕྲོ་བརླག་འགྱོ་དོ་ཡོདཔ་ལས་ འཆར་དངུལ་ཚུ་ འཕྲོ་མཐུད་དེ་ འཛིན་སྐྱོང་འཐབ་ནིའི་ ཐབས་ཤེས་ཅིག་བཟོ་ནི་ལུ་ དངུལ་རྩིས་ལྷན་ཁག་ལུ་ སླབ་སྟེ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ཞི་གཡོགཔ་དང་ ཁོ་རའི་ ཆ་རོགས་ཚུ་གིས་ རྒྱབ་སྐྱོར་མ་འབད་བ་ཅིན་ གྲུབ་འབྲས་བཏོན་མི་ཚུགས་ཟེར་ཨིནམ་ད་ ལཱ་ག་ཅི་ར་འབད་རུང་ གྲོས་བསྟུན་ཐོག་ལས་ འབད་ཡོད་པའི་ གྲུབ་འབྲས་ཅིག་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཀྲིས་སྒང་མཁའ་གླིང་ བྱི་རི་ལས་མི་སྤྱི་འོག་ནང་ ཟམ་༢ རྐྱབ་དགོཔ་ཡོདཔ།

༉ གནམ་བྱཱར་ཆར་ཆུ་འབོར་བའི་སྐབས་དང་ ལ་མཐོ་ས་ཆརཔ་རྐྱབ་ད་ བཀྲིས་སྒང་མཁའ་གླིང་རྒེད་འོག་ བྱི་རི་ལས་མི་སྤྱི་འོག་གི་མི་སེར་ཚུ་ ཨ་རྟག་ར་ ཚང་གྱང་ལང་དགོཔ་ཐོན་དོ་ཡོདཔ་ཨིན་པས། དེ་ཡང་ ས་གནས་ ལ་ལུང་གྲང་ཟེར་ས་ལུ་ གཏན་འཇགས་ཀྱི་ ཟམ་ཅིག་མེད་མི་ལུ་བརྟེན་ རོང་ཆུ་བྲེས་འོངམ་ད་ འགྲོ་འགྲུལ་འབད་མི་གི་ ཚེ་སྲོག་ལུ་གནོད་ཉེན་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *