ཁ་ཙ་ འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ དགེ་ལེགས་ཕུག་ཁྲོམ་གྱི་ མཐོང་སྣང་།

གཞུང་གིས་ རྒྱལ་ཡོངས་ལུ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ།

སྤྱི་ཟླ་༨ པའི་ཚེས་༡༠ ལུ་ དགེ་ལེགས་ཕུག་ལས་ ཨམ་སྲུ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་དེ་ མི་སྡེའི་ནང་ ཁྱབ་སྤེལ་འགྱོ་ཉེན་ཡོད་མི་ལུ་བརྟེན་ གཞུང་གིས་ ཁ་ཙ་ དྲོ་པ་ལས་ རྒྱལ་ཁབ་ནང་འཁོད་ལུ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་མ་ཚད་ སློབ་གྲྭ་དང་ སྤེལ་ཁང་ ཡིག་ཚང་ ཚོང་འབྲེལ་ཁང་ཚུ་ སྒོ་བསྡམས་དགོ་པའི་ གསལ་བསྒྲགས་གནང་ཡི།

དེ་བཟུམ་མའི་ གློ་བུར་གྱི་ གྲོས་ཆོད་བཏོན་མི་དེ་ཡང་ སྐྱེས་ལོ་༢༧ ལང་མི་ ཨམ་སྲུ་དེ་གིས་ ཐིམ་ཕུག་དང་ དགེ་ལེགས་ཕུག་ སྤ་རོ་ དེ་ལས་ ལམ་བདའ་སྟེ་ཡོད་མི་ མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་ཡོད་ནི་དེ་གིས་ཨིན་ཟེར་ ཁ་ཙ་དྲོ་པར་ བློན་ཆེན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

རྒྱལ་ཁབ་སྒོ་བསྡམས་བཞག་པའི་སྐབས་ མི་དང་ སྣུམ་འཁོར་ཚུ་ རྫོང་ཁག་ནང་འཁོད་དང་ ཕྱི་ཁ་ལས་ཕར་ རྒྱུན་འགྲུབ་འཐབ་མི་ཆོག་ནི་ཨིནམ་ད་ མི་ག་ར་ཨིན་རུང་ རང་དང་བཟའ་ཚང་ཚུ་ ནད་ཡམས་ལས་ ཉེན་སྐྱོབ་འབད་ཐབས་ལུ་ ཁྱིམ་ནང་སྡོད་དགོ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ད་ལྟོ་ སློབ་གྲྭ་ཁག་གིས་ ཆོས་རྒྱུགས་ལེན་པའི་བསྒང་ཡོད་མི་ཚུ་ ཕར་བཤུད་རྐྱབ་ནི་དང་ ནང་སྡོད་མཐུན་རྐྱེན་ཡོད་པའི་ སློབ་ཕྲུག་དང་ སྦྱོང་བརྡར་བ་ཚུ་ སློབ་གྲྭ་དང་ སྤེལ་ཁང་གི་ ས་ཁོངས་ནང་ར་སྡོད་དེ་ ཀོ་བིཌ་-༡༩ འི་ སྒྲིག་གཞི་ཚུ་ལུ་ གནས་དགོ་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་ ཧང་སྟོང་མར་ འབད་དགོ་མི་དེ་ཡང་ ནད་ཡམས་ཐོབ་མི་ག་ར་ ངོས་འཛིན་འབད་དེ་ རང་རྐྱང་སྦེ་ བཞག་ནི་དང་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ དེ་འཕྲོ་ལས་ བཀག་ཐབས་ལུ་ཨིན་པས།

ད་རེས་ ཐབས་ལམ་རྒྱ་ཆེཝ་སྦེ་བཏོན་ཏེ་ འགྲོ་འགྲུལ་བཀག་དམ་འབད་མི་གུ་ མི་མང་གིས་ མཉམ་འབྲེལ་གང་དྲག་འབད་བ་ཅིན་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་དེ་ དུས་ཡུན་ཐུང་ཀུ་ཅིག་ནང་ བཀག་ཚུགས་ནི་དང་ རྒྱུན་འགྲུལ་བཀག་དམ་དེ་ཡང་ མགྱོགས་དྲགས་སྦེ་ ལོག་ཡངས་སུ་ བཟོ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་ མ་འབད་པའི་ཧེ་མར་ སྤྱི་ཟླ་༨ པའི་ཚེས་༡༠ གྱི་ནུབ་མོར་ གཞུང་གིས་ གསོ་བ་ལྷན་ཁག་ནང་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་ ཞལ་འཛོམས་འཚོགས་ཡོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཡང་ བློན་ཆེན་གྱིས་ འགོ་ཁྲིད་འབད་མི་ ལས་བྱེད་ཚོགས་ཆུང་གི་ འཐུས་མི་དང་གཅིག་ཁར་ ནུབ་གཅིག་བཞུགས་ཏེ་ ལམ་སྟོན་གནང་ཡི་ཟེར་ བློན་ཆེན་གྱིས་ གནས་ཚུལ་གསལ་བསྒྲགས་ནང་བཀོད་ནུག།

ཉེར་མཁོའི་ཅ་ཆས།

གཞུང་གིས་ བཀོད་མིའི་ནང་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ ག་ནི་བ་ གལ་ཆེ་བའི་ བརྡ་དོན་ཚུ་ལུ་ མི་ག་ར་གིས་ དང་ལེན་དམ་དམ་འབད་གནང་ཟེར་ཨིན་པས།

ཁ་ཙ་དྲོ་པར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱང་མཐོང་ཊི་བི་ཐོག་ལས་ རྒྱལ་ཡོངས་ལུ་ འགྲུལ་སྐྱོད་བཀག་དམ་འབད་དགོ་པའི་སྐོར་ གསལ་བཤད་གནངམ་ད་ ངེས་མེད་བཀག་དམ་སྐབས་ གཞུང་གིས་ དོགས་པ་ཅན་ཆ་མཉམ་ར་ ནད་གཞི་ཡོད་མེད་ཀྱི་ བརྟག་དཔྱད་འབད་ནི་དང་ ཀོ་བིཌ་-༡༩ ཐོབ་མི་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུ་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་ནི་ཨིནམ་མ་ཚད་ ནད་འབུབ་ཐོབ་མི་ རྐྱང་གནས་ནད་ཁང་ནང་ བཞག་ཐོག་ལས་ སྨན་བཅོས་འབད་འོང་ཟེར་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ རྫོང་ཁག་ག་རའི་ནང་ བཟའ་འཐུང་དང་ ཉེ་བར་མཁོ་བའི་ ཅ་ཆས་ཚུ་ བགོ་བཀྲམ་འབད་ནི་ཨིནམ་མ་ཚད་ གློ་བུར་གྱི སྨན་བཅོས་ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ནི་ལུ་ཡང་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།

སྔོན་ཆད་བྱུང་མ་མྱོང་བའི་ དུས་ཚོད་ནང་ འབྲུག་མི་ཡོངས་ཀྱིས་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་ཐོག་ལས་ འགྲོ་འགྲུལ་བཀག་དམ་གྱིས་ ནད་ཡམས་སྔོན་འགོག་ནང་ གླགས་ཁེལ་ཚུགསཔ་འབད་གེ་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *