གཞུང་གིས་ ཟུར་བཞག་ལྟེ་བ་ཚུ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༣༢.༨ བཏང་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་ཁབ་ནང་ ལྟ་བཤལ་འོང་ནི་མེད་པའི་ཁར་ རྒྱལ་ཁབ་ནང་ སྡོད་མི་ཚུ་གིས་ཡང་ འགྲོ་འགྲུལ་མར་ཕབ་འབད་ཡོདཔ་བཞིན་དུ་ ཟ་ཁང་མང་ཤོས་ཅིག་གིས་ ཟུར་བཞག་ལྟེ་བ་བཟོ་ནི་ལུ་ དང་འདོད་བསྐྱེད་དོ་ཡོདཔ་ཨིན་པས།
ནད་ཡམས་ཐོན་པའི་སྐབས་ལུ་ ཟ་ཁང་མང་ཤོས་ཅིག་གིས་ ཟུར་བཞག་ལྟེ་བ་བཟོ་ནི་ལུ་ འཚེར་སུ་ཅིག་སྦེ་ སྡོད་ཡོདཔ་ཨིན་རུང་ འགྲོས་ཀྱིས་སྦེ་ ཟ་ཁང་ཚུ་གིས་ གྱངས་ཁ་ཡར་སེང་ཐོག་ ཁས་བླངས་འབད་ཡོདཔ་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ ཟུར་བཞག་ལྟེ་བའི་ཟ་ཁང་༥༢ ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སངས་རྒྱས་གྲུབ་པ་གིས་ སླབ་མིའི་ནང་ མ་གཞི་ འགོ་ཐོག་ལུ་ རྒྱལ་ཁབ་ནང་ ཕྱི་ལས་འོང་མི་ཚུ་ག་ར་ སྤ་རོ་ལུ་རྐྱངམ་གཅིག་ བཞག་ནི་སྦེ་ མནོ་བསམ་བཏང་ཡོད་རུང་ ཤུལ་ལས་ སྤ་རོ་ལུ་ མ་ཤོང་མི་ལུ་བརྟེན་ ཐིམ་ཕུག་ལུ་ འབག་འོང་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
ད་རེས་ ཟ་ཁང་མང་ཤོས་ཅིག་གིས་ ཟུར་བཞག་ལྟེ་བ་སྦེ་ ཞབས་ཏོག་བྱིན་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ དེ་ལུ་བརྟེན་པའི་ ཁེ་སང་ཚུ་མེད་ཟེར་ ཟ་ཁང་ཇོ་བདག་ཚུ་གིས་ སླབ་ཨིན་པས
ཐིམ་ཕུག་ལུ་ཡོད་པའི་ ཟ་ཁང་ཅིག་གིས་ སླབ་མིའི་ནང་ མོ་གི་ཟ་ཁང་ནང་ ཁང་མིག་༢༢ ཡོདཔ་ད་ ཟ་ཁང་ནང་ ཟུར་བཞག་གི་མི་ཚུ་ ཤོ་ཐེངས་༢ བཞག་ཡོདཔ་ད་ དེ་ལུ་བརྟེན་པའི་ ཁེ་སང་མེད་རུང་ རྒུད་ཡང་མེད་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ མ་གཞི་ ཁང་མིག་ཚུ་ ཞག་རེ་ལུ་ དངུལ་ཀྲམ་༣,༥༠༠ ལས་ འགོ་བཙུགས་རུང་ མི་༡ སྡོད་ནིའི་ ཁང་མིག་ལུ་དངུལ་ཀྲམ་༡,༢༠༠ དང་ མི་༢ ཤོང་པའི་ཉལ་ཁྲི་ལུ་ དངུལ་ཀྲམ་༢,༠༠༠ རེ་སྦེ་ སྤྲོད་ཡི་ཟེར་ཨིན་པས།
དེ་གི་སྐབས་ལུ་ ཟ་ཁང་ནང་ ལཱ་འབད་མི་༣ ཡང་བཞག་ཡོདཔ་ད་ ཟུར་བཞག་ཤོ་ཐེངས་རེ་གིས་ ཞག་གྲངས་༢༤ དེ་ཅིག་སྡོད་དེ་ ལོག་འགྱོ་བའི་སྐབས་ ཁེ་སང་དང་རྒུད་༢ ཆ་ར་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཟ་ཁང་གིས་ ཟུར་བཞག་སྡོད་མི་ཚུ་ལུ་ བཞེས་སྒོའི་རིགས་བྱིན་མི་ལུ་ཡང་ རག་ལས་ནི་དང་ དེ་ཡང་ མོ་གི་ཐད་ཁར་ ཤ་རིགས་ཚུ་ བྱིན་མི་ལུ་བརྟེན་ ཟད་འགྲོ་ལྕི་སུ་ཅིག་སྦེ་ ཡར་སོ་ཡི་ཟེར་ཨིན་པས།
ཐིམ་ཕུག་ལས་ ཟུར་བཞག་ལྟེ་བ་སྦེ་ ལག་ལེན་འཐབ་མི་ ཟ་ཁང་གི་ཇོ་བདག་ གཞན་ཅིག་གིས་འབད་བ་ཅིན་ གཞུང་གིས་ ད་ལྟོ་ཚུན་ ཟད་འགྲོ་སྦོམ་བཏང་ཐོག་ལས་ ཕྱི་ལས་འོང་མི་ཚུ་ ཟུར་བཞག་ཡོདཔ་ལས་ ད་རེས་མི་སྡེའི་ནང་ ནད་འབུབ་ཀོ་རོ་ན་བཱའེ་རསི་ ཁྱབ་སྤེལ་མ་འགྱོ་མི་དེ་ཡང་ གཙོ་བོ་གནད་དོན་དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དེ་དང་འཁྲིལ་ ཟ་ཁང་གི་ཇོ་བདག་ཚུ་གིས་འབད་རུང་ ཁས་བླངས་ཐོག་ལས་ ཟུར་བཞག་ལྟེ་བ་འབད་ ཞབས་ཏོག་སྤྲོད་ནི་ལུ་ དང་འདོད་མ་བསྐྱེད་པ་ཅིན་ གཞུང་གིས་ རྩ་བ་ལས་ར་ གཞི་བཙུགས་ཏེ་ ཟུར་བཞག་ཁང་ཚུ་ རྐྱབ་དགོཔ་འཐོན་ཡོདཔ་འོང་ནི་ཨིནམ་ལས་ ཟད་འགྲོ་གི་ཐད་ལས་འབད་རུང་ དཔྱ་༢ ཀྱིས་ ཡར་སེང་འགྱོ་འགྱོཝ་འོང་ཟེར་ཨིན་པས།
ཁོ་གིས་ ཟུར་བཞག་ཤོ་ཐེངས་༣ ལེན་ཡོདཔ་ད་ མཇུག་གི་ཤོ་ཐེངས་ནང་ མི་གྲངས་༡༥ འབད་མིའི་ཐད་ལུ་ ཁོ་རའི་ཧོངས་ལས་ ཞབས་ཏོག་དེ་ རིན་མེད་སྟོང་པར་སྦེ་ བྱིན་ཡི་ཟེར་ཨིན་པས།
ཨིན་རུང་ ཟ་ཁང་དེ་ ཟུར་བཞག་ལྟེ་བ་ཨིན་ཟེར་ གོ་བའི་སྐབས་ལུ་ མི་ཚུ་གིས་འབད་རུང་ ཟ་་ཁང་དེ་གི་རྩ་བ་ལས་ཕར་ ལམ་འགྱོ་ནི་ལུ་ཡང་ དོགས་སྣང་བསྐྱེད་དོ་ཡོདཔ་ལས་ དེ་བཟུམ་མའི་ མནོ་ལུགས་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
སྤ་རོ་ལུ་ཡོད་པའི་ བཀྲིས་རྣམ་རྒྱལ་སྐྱིད་གནས་དེ་ ཟུར་བཞག་ལྟེ་སྦེ་བཞག་ནི་ལུ་ ཁས་བླངས་འབད་མི་ ཟ་ཁང་དང་པ་ཨིནམ་ད་ ཇོ་བདག་ཀརྨ་འཇིགས་མེད་ཀྱིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཁང་མིག་ཆུང་ཀུ་ཚུ་ལུ་ ཞག་རེའི་ཁང་གླ་ དངུལ་ཀྲམ་༣,༠༠༠ རེ་དང་ སྦོམ་ཚུ་ལུ་༣,༥༠༠ རེ་སྦེ་ བཏང་དོ་ཡོདཔ་ཨིན་རུང་ ནད་ཡམས་ཀྱི་སྐབས་ དངུལ་ཀྲམ་༡,༢༠༠ ལས་༢,༥༠༠ རེ་སྦེ་ བཏང་མི་གིས་ ཁོ་རའི་ལས་བྱེདཔ་༡༥ གི་ དངུལ་ཕོགས་ཡང་ ཐོན་ཚུགས་པར་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
སྤྱིར་བཏང་ སྐྱིད་གནས་དེ་ ལྟ་བཤལ་པའི་དུས་ཚོད་ངོ་མ་ སྤ་རོ་ཚེས་བཅུའི་སྐབས་ལུ་འབད་བ་ཅིན་ སྐྱིད་གནས་ནང་སྡོད་མི་ ལྟེམ་ལྟེ་ཐོན་དོ་ཡོདཔ་ད་ དེ་མེན་པའི་ དུས་ཚོད་གཞན་གྱི་སྐབས་ལུ་ ནང་འཁོད་ཀྱི་མི་ཚུ་གིས་ བརྒྱ་ཆ་༥༠ དེ་ཅིག་ སྡོད་ནི་ཡོད་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ཡང་ ཁོ་རའི་ ལས་བྱེདཔ་ལ་ལོ་ཅིག་གི་དོན་ལུ་ ཁང་གླ་ཚུ་ཡང་ སྤྲོད་དོ་ཡོདཔ་མ་ཚད་ ད་རེས་ ཚོང་འབྲེལ་མེད་མི་ལུ་བརྟེན་ ད་ལས་ཕར་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་ནིའི་ འཆར་གཞི་ཡང་ རྩམ་དོ་ཟེར་ཨིན་པས།
ད་ལྟོ་ཚུན་ ཟུར་བཞག་ལྟེ་བ་ཚུ་ནང་ མི་གྲངས་༨,༥༤༠ བཞག་ས་ལས་༧,༦༠༠ ལོག་བཏང་ཡོདཔ་ད་ ད་ལྟོ་༩༤༠ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞུང་གིས་ ཟུར་བཞག་ས་ཁོངས་ཚུ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༣༢.༨ བཏང་ས་ལས་ ཐིམ་ཕུག་ལུ་ དངུལ་ཀྲམ་ས་ཡ་༥༩.༥ དང་ སྤ་རོ་ལུ་ དངུལ་ཀྲམ་ས་ཡ་༤༨ ཕུན་ཚོགས་གླིང་ལུ་ དངུལ་ཀྲམ་ས་ཡ་༣ བཏང་ཡོདཔ་ད་ ད་ལྟོའི་བར་ན་ཡང་ མི་ཚུ་ ཟུར་བཞག་ཁང་ཚུ་ནང་ འཕྲོ་མཐུད་དེ་ར་ བཞག་དོ་ཡོདཔ་ལས་ ཟད་འགྲོ་ཡར་སེང་འགྱོ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *