གཞུང་གིས་ མི་སྡེ་བརྡ་དོན་ལྟེ་བ་ཚུ་ སི་ཨེསི་ཨའི་དངུལ་ཁང་འོག་ལུ་བཙུགས་ནི།

༉ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ནང་ མི་སྡེ་བརྡ་དོན་ལྟེ་བ་ཚུ་ འབྲུག་རྒྱལ་ཡོངས་ནང་བཟོ་དང་བཟོ་གྲྭ་ཆུང་བ་(སི་ཨེསི་ཨའི་) དངུལ་ཁང་ནང་ སྤོ་སོར་འབད་འོང་ཟེར་ཨིན་པས།

ད་རེས་ནངས་པར་ རྒེད་འོག་ཁག་ལས་ཕར་ཡོད་མི་ མི་སྡེ་བརྡ་དོན་ལྟེ་བ་༢༠༠ དེ་ཅིག་ འབྲུག་གོང་འཕེལ་དངུལ་ཁང་གི་འོག་ལུ་ཡོདཔ་ལས་ མི་སྡེ་བརྡ་དོན་ལག་ལེན་པ་ཚུ་ སྤྱི་ལོ་༢༠༡༥ ལས་ ཁག་འབག་གི་ ལས་བྱེདཔ་སྦེ་ བཟོ་ཡོདཔ་བཞིན་དུ་ ལག་ལེན་པ་ཚུ་གི་ གོ་གནས་དེ་ཡང་ མི་སྡེ་ལྟེ་བའི་བཀོད་ཁྱབ་སྦེ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།

འདས་པའི་དྲི་བ་དྲིས་ལན་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ལྟེ་བ་ཚུ་ སི་ཨེསི་ཨའི་དངུལ་ཁང་གི་ འོག་ལུ་ བཙུགས་ནི་ལུ་ ཐག་བཅད་ཡོད་རུང་ ཁྲིམས་མཐུན་ཡོད་མེད་བལྟ་དགོ་ཟེར་ གསུངས་ཡི།

ན་ཧིང་ སྤྱི་ཟླ་༨ པའི་ནང་ མི་སྡེ་བརྡ་དོན་ལྟེ་བ་ ལག་ལེན་པ་ཚུ་གིས་ བློན་ཆེན་ལུ་ ཁོང་ཆ་ཁྱབ་ གཏན་འཇགས་ཀྱི་ ལས་བྱེདཔ་སྦེ་ བཟོ་ཞིནམ་ལས་ རྒེད་འོག་བདག་སྐྱོང་ ཡང་ཅིན་ འབྲུག་གོང་འཕེལ་དངུལ་ཁང་ དེ་ལས་ འབྲེལ་ཡོད་ལས་སྡེ་འོག་ལུ་ བཞག་ནི་གི་ འོས་འབབ་གཟིགས་གནང་དགོ་པའི་ ཞུ་ཡིག་ཕུལ་མི་དང་འཁྲིལ་ཨིན་པས།

དངུལ་རྩིས་བློན་པོ་གིས་ བརྟག་ཞིབ་འབདཝ་ད་ ལྟེ་བ་ཚུ་ སི་ཨེསི་ཨའི་དངུལ་ཁང་ནང་ བཙུགས་ནི་ལུ་ ཁྲིམས་དང་འབྲེལ་བའི་ སྟབས་མ་བདེཝ་ མ་མཐོང་ཟེར་ བཤད་པའི་ཁར་ ལྟེ་བའི་མིང་ཡང་ མི་སྡེ་ཞབས་ཏོག་ལྟེ་བ་སྦེ་ བཏགས་ནི་གི་ འོས་འབབ་སྦོམ་ མཐོང་ཅི་ཟེར་ཨིན་པས།

མི་སྡེ་དང་འབྲེལ་བའི་ ཞབས་ཏོག་ཚུ་ འཇོན་ཐངས་ཅན་སྦེ་ སྤྲོད་ནི་ལུ་ འགན་ཚད་བསྐྱར་ཞིབ་འབད་ནི་ཨིནམ་ད་ བརྡ་དོན་འཕྲུལ་རིག་སྡེ་ཚན་གྱིས་ ཡོངས་འབྲེལ་ཌི་ཇི་ཊཱལ་ཐོག་ལས་ ཞབས་ཏོག་བྱིན་ནི་ལུ་ ངེས་བརྟན་བཟོ་ནི་དང་ མི་སྡེ་ཞབས་ཏོག་ལྟེ་བ་ཚུ་གིས་ ཧེ་མའི་ ལྟེ་བའི་ཞབས་ཏོག་ཚུ་ བྱིན་འོང་ཟེར་ དངུལ་རྩིས་བློན་པོ་གིས་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ ལས་འཛིན་དང་ ཚོང་འབྲེལ་སྡེ་ཚན་གྱིས་ དངུལ་འབྲེལ་གཙུག་སྡེ་བརྒྱུད་དེ་ གྲོང་གསེབ་ཚུ་ནང་ ཉིན་བསྟར་ཞབས་ཏོག་ཚུ་ བྱིན་ནི་ཨིན་རུང་ ཞབས་ཏོག་ལེན་མི་ཚུ་གིས་ འཐུས་དུམ་གྲ་རེ་ སྤྲོད་དགོཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ལྟེ་བ་ཚུ་ སི་ཨེསི་ཨའི་དངུལ་ཁང་བཞག་ནི་སྦེ་ ཐག་བཅད་མི་ཡང་ དངུལ་ཁང་གི་ ལཱ་འགན་གཙོ་བོ་ར་ གྲོང་གསེབ་ནང་ ཞབས་ཏོག་སྤྲོད་ནི་ཨིནམ་བཞིན་དུ་ མི་སེར་ཚུ་ལུ་ དངུལ་འབྲེལ་ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་ བྱིན་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ལྟེ་བ་ལག་ལེན་པ་ཚུ་གིས་ དངུལ་འབྲེལ་ཞབས་ཏོག་ཚུ་ ལེན་ནི་ལུ་ རྒྱབ་སྐྱོར་འབད་ནི་དང་ ལག་ལེན་པ་ཚུ་ གཏན་འཇགས་ཀྱི་ ལས་བྱེདཔ་སྦེ་ བཟོ་ནི་ལུ་ ད་ལྟོའི་ དངུལ་འབྲེལ་ལས་སྡེ་བཟོ་བཀོད་ མཉམ་སྡེབ་འབད་ཐོག་ལས་ ཐོབ་ལམ་ཚུ་ འོས་འབབ་ཡོདཔ་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་འབྲེལ་གཙུག་སྡེ་ཚུ་ རྒྱབ་སྐྱོར་ཐོག་ལས་ སྤྱི་ཟླ་༦ པ་ལས་ ལག་ལེན་པ་ཚུ་ལུ་ དངུལ་འབྲེལ་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ བྱིན་ནི་ཨིནམ་ད་ སི་ཨེསི་ཨའི་དངུལ་ཁང་གིས་ ལས་སྡེ་ཡུན་བརྟན་སྦེ་ གནས་ཐབས་ལུ་ འོང་འབབ་བཟོ་ནི་གི་ ཐབས་ཤེས་གཞན་ཚུ་ བཏོན་ནི་ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *