མའོ་ཁོ་ལ་གཙང་ཆུ་གུ་ལས་ ཤིང་ཟམ་རྐྱབ་པའི་བསྒང་། པར་མཛོད་ནང་ལས།

གཞུང་གིས་ མའོ་ཁོ་ལ་ཟམ་རྐྱབ་ནི་ གནས་སྐབས་ཅིག་བཤོལ་བཞག།

༉ རྩིས་ལོ་༢༠༢༠-༢༡ ནང་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ལུ་ ཡོངས་གྲངས་ཅན་གྱི མའོ་ཁོ་ལ་ གཙང་ཆུ་གུ་ ཟམ་རྐྱབ་ནིའི་ ལཱ་འགོ་བཙུགས་མི་ཚུགས་ནི་ཨིན་པས།
མ་གཞི་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་ ནམ་དུས་ལས་ སྲིད་དོན་ཚོགས་པ་ཚུ་གིས་ བཙག་འཐུ་ཚར་རེ་རནམ་ད་ ཁས་བླངས་གསལ་བསྒྲགས་འབདམི་ལུ་བརྟེན་ ཡོངས་གྲགས་སོང་མི་ མའོ་ཁོ་ལ་གཙང་ཆུའི་ཟམ་དེ་ གཞུང་གི་འཆར་གཞི་དང་འཁྲིལ་ འགྱོ་བ་ཅིན་ སྤྱི་ལོ་༢༠༢༢ ཀྱི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ ལག་ལེན་འཐབ་ཚུགས་པའི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པའི་ ནད་ཡམས་ཀོ་རོ་ན་བའེ་རཱསི་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ བར་ཆད་རྐྱབ་ཡོདཔ་མ་ཚད་ འཆར་གཞི་༡༢ པའི་ལས་སྣའི་ གཙོ་རིམ་ཚུ་ བསྐྱར་བཟོ་འབད་མི་ལུ་ བལྟ་བ་ཅིན་ མའོ་ཁོ་ལ་ཟམ་ བཟོ་སྐྲུན་འབད་ཚུགས་ནི་བཟུམ་ཅིག་ མི་མཐོངམ་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཀུན་གསལ་ལུ་ གསུངས་མིའི་ནང་ མའོ་ཁོ་ལ་ཟམ་རྐྱབ་ནིའི་ ལས་འགུལ་དེ་ ཆ་མེད་མ་འགྱོ་རུང་ ཟམ་རྐྱབ་པའི་སྐབས་ ལས་མི་དང་ རྒྱུ་ཆས་རྒྱ་ཆེ་དྲགས་སྦེ་ དགོ་ནི་ཨིནམ་ལས་ ནད་ཡམས་ཀོ་བིཌ་-༡༩ གི་ གནས་སྟངས་ནང་ བཟོ་སྐྲུན་འབད་ཚུགས་པའི་ འོས་འབབ་ཅིག་ མི་འཐོང་པས་ཟེར་ཨིན་པས།
དེ་འབདཝ་ལས་ ཟམ་རྐྱབ་ནི་གི་ལཱ་ཚུ་ གནས་སྐབས་ཅིག་ བཤོལ་བཞག་ཡོདཔ་བཞིན་དུ་ ནད་ཡམས་ལུ་བརྟེན་ ལཱ་ལེ་ཤ་ཅིག་ར་ མཚམས་འཇོག་འབད་དེ་ཡོད་པའི་ཁར་ ཟམ་དེ་ དེ་འཕྲོ་ལས་དགོ་པའི་ ལས་སྣ་ཅིག་ཡང་ མེན་པས་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ མའི་ཁོ་ལ་གཙང་ཆུ་གུ་ལས་ ཟམ་རྐྱབ་ནི་དེ་ ཆ་མེད་མི་གཏང་ནི་ཨིན་རུང་ ནམ་རྐྱབ་ནི་ཨིན་ན་ ད་ལྟོ་ གཏན་འཁེལ་སྦེ་ སླབ་མི་ཤེས་ཟེར་ཨིནམ་ད་ ཟམ་དེ་ རྐྱབ་པའི་བསྒང་ལས་ རྒྱ་གར་གྱི་ ལས་མི་དང་ རྒྱུ་ཆས་ལེ་ཤ་ཅི་ར་ ནང་འདྲེན་འབད་དགོཔ་ འཐོན་འོང་ཟེར་ཨིན་པས།
ད་ལྟོ་ ཀོ་བིཌ་-༡༩ ལུ་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་མར་བབས་སོང་སྟེ་ཡོདཔ་ལས་ འདི་བཟུམ་མའི་ གནས་སྟངས་ནང་ ཟམ་རྐྱབ་དགོ་པའི་ འོས་འབབ་ཅིག་ མ་མཐོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ མའི་ཁོ་ལ་གཙང་ཆུ་གུ་ལས་ ཟམ་རྐྱབ་ནི་གི་ ཁས་བླངས་ཡང་འབད་ནུག།
ཟམ་བཟོ་སྐྲུན་གྱི་ ལཱ་ལུ་བར་ཆད།
ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཟམ་རྐྱབ་ནིའི་དོན་ལས་ བཟོ་བཀོད་ཀྱི་ ལཱ་འབད་བའི་བསྒང་ཨིན་རུང་ ནད་ཡམས་ལུ་བརྟེན་ ད་ལྟོ་ ཕར་འགྱངས་འབད་དེ་ བཞག་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པས།
མ་གཞི་ ཟམ་བཟོ་བཀོད་ཀྱི་ ལཱ་འབད་དེ་ དུས་ཅི་ སྤྱི་ཟླ་༧ པའི་ཟླ་མཇུག་ལུ་ མཇུག་བསྡུ་ཐོག་ལས་ ལཱ་ངོ་མ་དེ་ སྤྱི་ཟླ་༨ པའི་ནང་ འགོ་བཙུགས་དགོཔ་ཅིག་ཨིན་རུང་ ཀོ་བིཌ་-༡༩ གིས་སྦེ་ ལཱ་འབད་མ་ཚུགས་པའི་ཁར་ ཁག་འབགཔ་ལུ་སྤྲོད་ནིའི་དོན་ལུ་ རིན་བསྡུར་གསལ་བསྒྲགས་ཡང་ མ་འབད་ཟེར་ བཤདཔ་ཨིན་པས།
ཞབས་ཏོག་ལྷན་ཁག་གི་ ཟམ་སྡེ་ཚན་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཟམ་གྱི་དོན་ལུ་ བཟོ་བཀོད་བྱ་རིམ་ནང་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འཆར་དངུལ་ལོག་གཙོ་རིམ་ སྒྲིག་དགོ་ནི་དེ་གིས་ ལཱ་དེ་ བཤོལ་བཞག་དགོཔ་བྱུང་ཡི་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གཙང་ཆུ་གུ་ལས་ རྩི་སའི་ཟམ་ རིང་ཐུང་མི་ཊར་༨༠༠ རྐྱབ་ནི་དང་ དེ་གི་དོན་ལུ་ མ་དངུལ་ས་ཡ་༩༠༠ ཚོད་རྩིས་བཏོན་ཡི་ཟེར་ཨིནམ་ད་ འཆར་གཞི་༡༢ པའི་ནང་ དངུལ་ཀྲམ་ས་ཡ་༤༠༠ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༧ ལུ་ ཞབས་ཏོག་ལྷན་ཁག་གིས་ མའུ་ཁོ་ལ་ཟམ་རྐྱབ་ནི་གི་ གཞི་བཀོད་སྒྲིག་ནི་དང་ བརྟག་ཞིབ་མཐིལ་ཕྱིན་འབད་ནིའི་དོན་ལུ་ གྲོས་སྟོན་ཞབས་ཏོག་ མཁོ་སྤྲོད་ཀྱི་ གྲོས་འཆར་ཡི་གུ་ཚུ་ བཙུགས་དགོ་པའི་ རིན་བསྡུར་གསལ་བསྒྲགས་འབད་ཡོདཔ་ཨིན་པས།
བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ནང་ ཐོ་བཀོད་འབད་དེ་ཡོད་མི་ དང་འདོད་ཅན་གྱི་ འབྲུག་གི་གྲོས་སྟོན་ལས་སྡེ་ཚུ་གིས་ མཉམ་འབྲེལ་ལས་སྡེ་ རྒྱལ་ཡོངས་/རྒྱལ་སྤྱི་/ལུང་ཕྱོགས་གྲོས་སྟོན་ལས་སྡེ་ བཟོ་ཐོག་ལས་ བཅའ་མར་གཏོགས་ཆོགཔ་སྦེ་ གསལ་བསྒྲགས་འབད་ནུག།
མའོ་ཁོ་ལའི་ ཟམ་རྐྱབ་ཚུགས་པ་ཅིན་ གསར་སྤང་རྫོང་ཁག་ གསེར་གཞོང་རྒེད་འོག་དང་ རྟ་རས་ཐང་ ཨུམ་གླིང་ ཆུ་གཟར་སྒང་བརྩིས་ཏེ་ རྒེད་འོག་༤ གི་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *