གཞུང་གིས་ བརྡ་བརྒྱུད་ལུ་ གཏན་འཇགས་ཀྱི་གྲོགས་རམ་མེད་རུང་ ལོ་༥ འི་གནས་ཡུན་རིང་ལུ་ གོ་སྐབས་ཡོདཔ།

༉ གཞུང་དང་སྒེར་གྱི་ བརྡ་བརྒྱུད་ལས་ཁང་ཚུ་གིས་ མཉམ་རུབ་ཐོག་ལས་ལཱ་འབད་བ་ཅིན་ ཡུན་བརྟན་འཛིན་སྐྱོང་དང་ བདག་སྐྱོང་འཐབ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་ཡི།
དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་པའི་སྐབས་ བརྡ་བརྒྱུདཔ་ཚུ་གིས་ དྲི་བ་བཀོད་པའི་ལན་ལུ་ བློན་ཆེན་གྱིས་ གསུངས་ཡི།
རྫོང་ཁའི་བརྡ་བརྒྱུད་ལས་ཁང་༢ སྒོ་བསྡམས་པའི་ཤུལ་ལུ་ ད་རེས་ སྒེར་གྱི་བརྡ་བརྒྱུད་ལས་ཁང་༥ ལས་བརྒལ་མེདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་འབད་རུང་ བརྡ་བརྒྱུད་ལུ་ གཙོ་རིམ་བཟུང་མི་ཅིག་ཨིན་ཟེར་ བརྡ་བརྒྱུདཔ་ཅིག་གིས་ ཞུ་ཡི།
དེ་འབདཝ་ལས་ གཞུང་གིས་ བརྡ་བརྒྱུད་ཀྱི་དལ་དབང་ལུ་ ཐོ་མ་ཕོགཔ་སྦེ་བཞག་ནི་ལུ་ གཙོ་རིམ་བཟུང་དོ་ག་ དང་ བརྡ་བརྒྱུད་ཡུན་བརྟན་གནས་ཐབས་དོན་ལུ་ ཆ་རོགས་དང་རྒྱབ་སྐྱོར་ཚུ་ ག་དེ་སྦེ་ར་ གནང་ནིའི་འཆར་གཞི་ཚུ་ཡོད་ག་ཟེར་ དྲི་བ་ཞུ་ཡི།
དེ་བཟུམ་སྦེ་ གལ་སྲིད་ གཞུང་གིས་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ རྒྱབ་སྐྱོར་གནང་ནི་ཨིན་པ་ཅིན་ ད་རེས་ནངས་པར་ དཀའ་ངལ་ཚབས་ཆེན་བྱུང་བའི་གནས་སྟངས་ནང་ ཐད་ཀར་གྱི་ཐབས་ལམ་ཚུ་ ག་ཅི་ར་འདུག་ཟེར་ ཞུ་ཡི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ དྲི་བ་འདི་གི་ལན་ལུ་ མ་འོངས་ལོ་ངོ་༥༠ ལྷགཔ་ཅིག་གི་ཤུལ་ལས་ཡང་ བརྡ་བརྒྱུད་ཀྱི་གནས་ཚད་ལུ་ བསྒྱུར་བཅོས་མེད་པར་ དེ་སྦེ་ར་ སྡོད་འོང་ཟེར་ གསུངས་ཡི།
སྒེར་གྱི་ བརྡ་བརྒྱུད་ལས་ཁང་ཚུ་ རང་དབང་ཐོག་ལས་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ གཞུང་གིས་ ད་ལྟོ་ཚུན་ རང་དབང་མ་བྱིན་པར་ མ་བཞག་ཟེར་ཨིནམ་ད་ གཞུང་གིས་ བར་འཛུལ་འབད་དེ་ གནས་ཚུལ་བྲིས་བཅུག་བཅུགཔ་མེད་ཟེར་ གསུངས་ཡི།
སྒོ་བསྡམ་དགོ་པའི་གནས་སྟངས་ནང་ མ་ལྷོད་པའི་ཧེ་མར་ དམིགས་བསལ་གྱི་ ཐབས་ལམ་ཚུ་ཡོད་དེ་འབད་བ་ཅིན་ བརྡ་བརྒྱུདཔ་ཚུ་གིས་ གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་ཟེར་ཨིན་པས།
བློན་ཆེན་དང་འཁྲིལ་བ་ཅིན་ བརྡ་བརྒྱུད་ལས་ཁང་ཚུ་ ཡུན་བརྟན་སྦེ་ སྡོད་ཚུགསཔ་བཟོ་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ བྱིན་ཚུགས་ཟེར་ཨིནམ་ད་ ཨིན་རུང་ བརྡ་བརྒྱུད་ཚུ་ལུ་ དཀའ་ངལ་༣ འདུག་ཟེར་གསུངས་ཡི།
དེ་ཡང་ དང་པ་ སྲིད་བྱུས་དང་འབྲེལ་བའི་དཀའ་ངལ་དང་ གཉིས་པ་ མི་སྟོབས་གོང་འཕེལ་དང་འབྲེལ་བའི་དཀའ་ངལ་ གསུམ་པ་ མ་དངུལ་གྱི་དཀའ་ངལ་འདུག་ཟེར་ ཨིན་པས།
གཞུང་གིས་ དུས་གཏན་འཇགས་ཀྱི་དོན་ལུ་ མ་དངུལ་གྱི་གྲོགས་རམ་ཚུ་ བྱིན་མི་ཚུགས་ནི་ཨིན་རུང་ ལོ་༥ འི་གནས་ཡུན་རིང་ལུ་ གོ་སྐབས་ཡོད་ཟེར་ཨིན་པས།
རྫོང་ཁའི་ བརྡ་བརྒྱུད་ལས་ཁང་༢ སྒོ་བསྡམས་ཡོད་མི་ལས་ གཅིག་ གཞུང་སྐྱོང་གི་ ཡིག་ཚང་རྩིས་མ་ལེན་པའི་ཧེ་མ་དང་ གཞན་མི་དེ་ གཞུང་དབུ་བརྙེས་པའི་ཤུལ་ལས་ཨིནམ་ད་ བློན་ཆེན་དང་འཁྲིལ་བ་ཅིན་ རྫོང་ཁའི་ གསར་ཤོག་ པར་སྐྲུན་འབད་ནིའི་དོན་ལུ་ གཞུང་གིས་ མ་དངུལ་གྱི་རྒྱབ་སྐྱོར་ གནང་དགོ་པས་ཟེར་ ཞུ་ཡོད་མི་ལུ་ ངོས་ལེན་མཛད་ཡི་ཟེར་ ཨིན་པས།
རྫོང་ཁ་འདི་ རྒྱལ་ཡོངས་ཀྱི་ཁ་སྐད་ཨིནམ་ལས་ བདག་འཛིན་འཐབ་ནི་དེ་ གལ་ཅན་ཅིག་ཨིན་རུང་ མི་ག་ དེམ་ཅིག་གིས་ ལྷག་དོ་ཡོདཔ་ཨིན་ན་ ཤེས་དགོ་པའི་ཁར་ ཨིང་སྐད་མ་ཤེས་མི་ཚུ་གི་དོན་ལུ་ གནས་ཚུལ་ཁྱབ་སྤེལ་འབད་མི་དེ་གིས་ གཞུང་དང་ མི་སེར་༢ ཆ་ར་ལུ་ ཕན་རླབས་ཡོད་ཟེར་ཨིན་པས།
ཨིང་སྐད་ཤེས་མི་ ག་དེམ་ཅིག་གིས་ རྫོང་ཁའི་གསར་ཤོག་ ལྷག་དོ་ཡོདཔ་ཨིན་ན་ ཞིབ་འཚོལ་འབད་དགོཔ་ མ་ཚད་ ད་ལྟོ་ པར་སྐྲུན་འབད་མི་ གསར་ཤོག་དེ་ སྤྱིར་བཏང་མི་ག་དེམ་ཅིག་གིས་ ལྷག་དོ་ཡོདཔ་ཨིན་ན་ ཤེས་ནིའི་དོན་ལུ་ ལས་ཁང་ཚུ་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ ལན་གསལ་ཐོབ་མ་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལས་ཁང་གི་དོན་ལུ་ མ་རྩ་གཞི་བཙུགས་འབད་དགོ་པ་ཅིན་ དེ་གི་ཐབས་བྱུས་དང་ ལས་སྣ་ཚུ་ ཚུལ་མཐུན་འོང་དགོཔ་ གལ་ཆེ་ཟེར་ཨིནམ་ད་ གལ་སྲིད་ དེ་ཚུ་མེད་པ་ཅིན་ གཞུང་གི་ཧོངས་ལས་ རྒྱབ་སྐྱོར་འབད་ནི་མེདཔ་ལས་ ཁ་ཉེས་བཀལ་མི་ཡང་ ཐོན་ཡི་ཟེར་གསུངས་ཡི།
བརྡ་བརྒྱུད་ལས་ཁང་ཚུ་དང་འཁྲིལ་བ་ཅིན་ གཞུང་གིས་ གནས་ཚུལ་གསར་བཏོན་དང་ ཁྱབ་བསྒྲགས་ དེ་ལས་ ས་སྟོང་གསལ་བསྒྲགས་ཚུ་ ག་ཅི་ར་ཨིན་རུང་ ལྷན་ཁག་དང་ ལས་སྡེ་ཚུ་གིས་ རང་སོའི་ ཡོངས་འབྲེལ་འཆར་སྒོ་ནང་ བཙུགས་མི་དེ་གིས་ སྒེར་གྱི་བརྡ་བརྒྱུད་ལས་ཁང་ཚུ་ ཡུན་བརྟན་གནས་ནི་ལུ་ ཐོ་ཕོགཔ་མས་ཟེར་ ཞུ་ཡི།
དེ་འབད་བ་ལུ་བརྟེན་ ད་ལས་ཕར་ ལམ་ལུགས་བསྒྱུར་བཅོས་འབད་དེ་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ གནང་ཐབས་ཡོད་པའི་ འོས་འབབ་གཟིགས་དགོཔ་སྦེ་ ཞུ་ཡི།
དེ་གི་ལན་ལུ་ བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ རང་སོའི་ཡོངས་འབྲེལ་འཆར་སྒོ་ནང་ བཙུགས་མི་དེ་ ཁེ་ཕན་མེདཔ་མིན་པར་ ཁེ་ཕན་ལེ་ཤ་བྱུང་ཡོདཔ་མ་ཚད་ ངན་ལྷད་བཀག་ནི་དང་ དྭངས་གསལ་ཅན་ཅིག་སྦེ་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *