གཞུང་གིས་ བཟོ་སྐྲུན་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ རྩ་འགེངས་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ དཀའ་ངལ་ཐོན་ཡོད་པའི་གུ་ ད་རེས་ཡང་ སྔར་ག་ཨིནམ་སྦེ་ར་ ནང་འདྲེན་འབད་མ་ཚུགས་རུང་ གཞུང་གིས་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ ཆ་རོགས་འབད་བཞིན་དུ་ཡོད་ཟེར་ཨིན་པས།
དཀའ་ངལ་དེ་ཡང་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བྱུང་ཡོདཔ་བཞིན་དུ་ རྒྱ་གར་རྒྱལ་ཁབ་ནང་ བཀག་ཆ་དང་ ཁྲིམས་ལུགས་ལེ་ཤ་ཡོདཔ་ལས་ ཅ་ཆས་ཚུ་ ག་ཅི་དགོཔ་ཅིག་གཏང་གནང་ཟེར་ སླབ་ས་མིན་འདུག་ཟེར་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སླབ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ས་གནས་གཅིག་ནང་ལས་བཏང་ཡོད་རུང་ ལམ་ཁ་ལས་ཕར་ བཀག་ཆ་འབད་མི་ལུ་བརྟེན་ རྒྱལ་ཁབ་ནང་ ལྷོད་མ་ཚུགས་པའི་ དཀའ་ངལ་བྱུང་ནུག་ཟེར་ཨིན་པས།
ཨིན་རུང་ ད་རེས་ གཞུང་གིས་ རྒྱ་གར་གཞུང་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཡོདཔ་བཞིན་དུ་ རྒྱ་གར་གཞུང་གིས་འབད་རུང་ ཆ་རོགས་འབད་དོ་ཡོདཔ་ལས་ ཅ་ཆས་ཚུ་ ཕུན་ཚོགས་གླིང་གི་ དོ་བཞག་ཁང་ནང་བཏོན་ཏེ་ བཀྲམ་སྤེལ་འབད་ནི་ལུ་ རྩ་འགེངས་པའི་བསྒང་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འབྲུག་མི་ཚུ་གིས་ རང་སོའི་བཟོ་སྐྲུན་གྱི་དོན་ལུ་ ཅ་ཆས་ཚུ་ རང་སོའི་སྣུམ་འཁོར་ ཌི་སི་ཨེམ་དང་ བོ་ལེ་རོ་ཚུ་བདའ་སྟེ་ རྒྱ་གར་གྱི་ ཁྲོམ་ཚོགས་ཚུ་ནང་ སོང་ཞིནམ་ལས་ མཁོ་སྒྲུབ་འབད་དེ་ འབག་འོང་ཡོདཔ་ཨིན་རུང་ ད་རེས་ དེ་བཟུམ་འབད་ཐབས་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ གསོ་བའི་སྒྲིག་གཞི་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ཚུ་དང་ མཉམ་འབྲེལ་ཐོག་ལས་ འབད་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་བཟུམ་སྦེ་ འདས་པའི་བརྡ་བརྒྱུད་ཞལ་འཛོམས་ཅིག་ནང་ ཕྱི་རྒྱལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ཡང་ ད་རེས་ གནས་སྐབས་ཅིག་ ནང་འདྲེན་འབད་ནི་ལས་ བཀག་ཆ་འབད་བཞག་མི་ བཟོ་སྐྲུན་ཅ་ཆས་ཚུ་ གསོ་བའི་ལྷན་ཁག་གི་ བྱ་སྒོ་དང་འཁྲིལ་ འཕྲལ་མགྱོགས་ར་ ལོག་གཏང་ནི་ཨིནམ་ལས་ བཟོ་སྐྲུན་པ་ཚུ་ ཚ་གྱང་ལང་དགོཔ་ མེད་ཟེར་བཤད་ཅི།
ཁོ་གིས་ གནས་སྐབས་ཅིག་ ནང་འདྲེན་བཀག་ཆ་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་ཞོར་ཁར་ ནད་འབུབ་ཚུ་ཡང་ ཁྱབ་སྤེལ་མི་འགྱོ་ག་མནོ་བའི་ ཚ་གྱང་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ བློན་པོ་ལོག་ནཱཐ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་འཁོད་ལུ་ ཐོན་སྐྱེད་འབད་མི་ བཟོ་སྐྲུན་གྱི་ཅ་ཆས་ཀྱི་ ཐོན་བསྐྱེད་ཚུ་ཡང་ མར་བབས་སོང་ནུག་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ ལཱ་འབད་མི་ཚུ་ ཕྱི་མི་འབདཝ་ལས་ ལོག་འབྲུག་ལུ་ འོང་མ་ཚུགས་ནི་དེ་གིས་ ཨིན་མས་ཟེར་བའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་འཐུང་ཆུ་ གློག་མེ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། ད་རེས་ དུར་ཁྲོད་དེ་ནང་ …

Leave a Reply

Your email address will not be published. Required fields are marked *