གཞུང་གིས་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་ འོང་མ་དགོཔ་སྦེ་སླབ་ཡོདཔ།

ཨཱསི་ཊེ་ལི་ཡའི་ བློན་ཆེན་གྱིས་ ཕྱི་རྒྱལ་གྱི་མི་ཚུ་ རང་སོའི་རྒྱལ་ཁབ་ནང་ ལོག་འགྱོ་དགོཔ་སྦེ་ གསུངས་མི་ལུ་ འབྲུག་མི་ཚུ་ སེམས་ཕམ་བྱུང་ནུག།

༉ ད་རེས་ནངས་པར་ རྒྱལ་ཁབ་མང་ཤོས་ཅིག་གིས་ར་ གནམ་གྲུ་ཆགས་ནི་དང་ འཕུར་འགྲུལ་ལ་སོགས་པའི་ རྒྱུན་འགྲུབ་བཀག་དམ་འབད་ཡོད་མི་ལུ་བརྟེན་ ཨཱསི་ཊེ་ལི་ཡུ་ཡོད་མི་ འབྲུག་མི་ཚུ་ རྒྱལ་ཁབ་ནང་ ལོག་འོང་ནི་གི་ འཆར་གཞི་བརྩམ་ནི་ལས་ འཛེམ་དགོཔ་ཨིན་པས།

དེ་ཡང་ བེང་ཀོག་ལུ་ཡོད་མི་ འབྲུག་གི་གཞུང་ལས་ཁང་གིས་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ བསླབ་བཀོད་འབད་མིའི་ནང་ ནད་ཡམས་COVID-19 ལུ་བརྟེན་ འབྲུགཔ་ཚུ་གིས་ ད་ལྟོ་སྐབས་ཅིག་ འབྲུག་རྒྱལ་ཁབ་ནང་ ལོག་འོང་ནི་གི་ ལས་འཆར་བཟོ་མ་གནང་ཟེར་ཨིན་པས།

ཨཱསི་ཊེ་ལི་ཡ་དང་ དམིགས་བསལ་དུ་ ཁྲོམ་སྡེ་པཱརཐ་ལུ་སྡོད་མི་ འབྲུག་མི་༡༥༠ དེ་ཅིག་ འབྲུག་ལུ་ ལོག་འོང་ནིའི་དོན་ལུ་ གཞུང་ལས་ རྒྱབ་སྐྱོར་གནང་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ད་ གནད་དོན་དེ་གི་ཐད་ལུ་ གཞུང་ཚབ་ཡིག་ཚང་གིས་ བཀོད་མིའི་ནང་ བདུན་ཕྲག་༣ ཀྱི་ཧེ་མ་འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ འོང་ནི་དེ་ དཀའ་ངལ་མེད་རུང་ བར་སྐབས་ཅིག་ལས་ རྒྱལ་ཁབ་མང་ཤོས་ཅིག་གིས་ འཕུར་འགྲུལ་ཚུ་ དམ་འཛིན་འབདཝ་ལས་ རྒྱུན་འགྲུལ་འཐབ་ནི་ལུ་ ལཱ་ཁག་བཟོ་ནུག་ཟེར་ཨིན་པས།

དེ་མ་ཚད་ ལམ་འགྲུལ་འབད་བའི་སྐབས་ རིམས་ནད་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་སྟེ་ ནད་འབུབ་ཐོབ་ཉེན་ཡོདཔ་ལས་ གཞུང་གི་ཧོངས་ལས་ འབྲུག་མི་ཚུ་ ལོག་འོང་དགོ་པའི་ སེམས་ཤུགས་མི་བསྐྱེད་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ ལོག་འོང་འདོད་ཡོད་པ་ཅིན་ རང་སོའི་གདམ་ཁ་དང་འཁྲིལ་དགོ་ཟེར་ བསླབ་བཀོད་ཡི་གུ་ནང་བཀོད་ནུག།

གཞུང་ཚབ་ཡིག་ཚང་གིས་ རྒྱལ་ཁབ་ནང་ འོང་འདོད་ཡོད་མི་ཚུ་ལུ་ དྲན་གསོ་འབད་མི་དང་འཁྲིལཝ་ད་ ད་རེས་ནངས་པར་ ཐའི་ལེནཌ་དང་ སིངྒ་པུར་ ཧོང་ཀོང་ རྒྱ་གར་ ནེ་པཱལ་ བང་ལ་དེཤ་རྒྱལ་ཁབ་ཚུ་བརྒྱུད་དེ་ ལམ་འགྲུལ་འབད་ཐབས་མེད་མི་དེ་ཡང་ གནམ་གྲུ་ཐང་ཚུ་ སྒོ་བསྡམས་མི་དང་ ཡང་ཅིན་ ཕྱི་རྒྱལ་གྱི་མི་ཚུ་ ནང་འཛུལ་དང་་ ཁོང་གི་རྒྱལ་ཁབ་བརྒྱུད་དེ་འགྱོ་ནི་ བཀག་འཛིན་འབད་ཡོད་ནི་དེ་གིས་ཨིན་པས།

ད་རུང་ ཕྱི་རྒྱལ་གྱི་མི་ཚུ་ ཨཱསང་ཊེ་ལི་ཡ་ལུ་ འོང་ནི་དེ་ཡང་ བཀག་དམ་འབད་དེ་འདུག་ཟེར་ཨིནམ་ད་ མ་གཞི་ ལམ་འགྲུལ་བཀག་ཆ་དེ་ ནམ་ཚུན་ཚོད་བསྟར་སྤྱོད་འབད་ནི་ཨིན་ན་ དུས་ཚོད་གཏན་འཁེལ་སྦེ་ གསལ་བཀོད་འབད་འབདཝ་མེད་རུང་ ནད་ཡམས་COVID-19 དེ་ ཨཱསི་ཊེ་ལི་ཡ་རྐྱངམ་གཅིག་ལུ་མེན་པར་ འཛམ་གླིང་ནང་ ནད་གཞི་འཇོམས་མ་ཚུགས་ཚུན་ཚོད་ བཀག་དམ་འཕྲོ་མཐུད་གནས་ནི་བཟུམ་འདུག་ཟེར་ཨིན་པས།

དེ་འབདཝ་ལས་ ད་ལྟོ་ རྒྱལ་ཁབ་ནང་ ལོག་འོང་ནི་གི་ འཆར་གཞི་མ་བརྩམ་པ་ཅིན་ དྲག་ནི་བཟུམ་འདུག་ཟེར་ གཞུང་ཚབ་ལས་ཁང་གིས་བཀོད་ནུག།

དེ་འབདཝ་ད་ ཁ་ཙ་ ཨཱསི་ཊེ་ལི་ཡའི་བློན་ཆེན་ ཨིསི་ཀའུཊ་ མོ་རི་སཱོན་གྱིས་ COVID-19 ནད་འབུབ་ཐོབ་མི་ ཡར་སེང་འགྱོ་བའི་ ནམ་དུས་ལུ་ ཕྱི་རྒྱལ་གྱི་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་ སྡོད་མ་ཚུགས་པ་ཅིན་ རང་སོའི་རྒྱལ་ཁབ་ནང་ ལོག་འགྱོ་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།

བློན་ཆེན་གྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་མཇུག་བསྡུ་བའི་ཤུལ་ལས་ ཀེན་བི་ར་ལུ་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ གསུངས་ཡོདཔ་ད་ ཁོང་རའི་མི་ཁུངས་ཚུ་ལུ་ གཙོ་བོར་བཏོན་ཏེ་ དཔལ་འབྱོར་ཡར་དྲག་གཏང་ནི་དགོཔ་གལ་ཆེ་ཟེར་གསུངས་ནུག།

ད་རེས་ནངས་པར་ ཨཱཙསི་ཊེ་ལི་ཡ་ལུ་ སློབ་ཕྲུག་དང་ བརྟེན་སྡོད་མི་ དེ་ལས་ གཏན་འཇགས་སྦེ་སྡོད་མི་ འབྲུགཔ་༨,༠༠༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ ཨཱསི་ཊེ་ལི་ཡའི་ བློན་ཆེན་གྱིས་ གསུངས་མི་དེ་ལུ་ འབྲུགཔ་ལེ་ཤ་ཅིག་ར་ རྣམ་རྟོག་ལང་ཡོདཔ་མ་ཚད་ སེམས་ཕམ་བྱུང་ཡོདཔ་སྦེ་ མི་སྡེ་བརྒྱུད་ཚུ་ནང་ལས་ཕར་བཀོད་ནུག།

པཱརཐ་ལུ་སྡོད་མི་ འབྲུགཔ་ཅིག་གིས་ སླབ་མིའི་ནང་ ད་རེས་བཟུམ་མའི་ གནས་སྟངས་ལཱ་ཁག་ཅིག་ནང་ བློན་ཆེན་གྱིས་ འདི་བཟུམ་གསུངས་འོང་ཟེར་ མནོ་བསམ་ར་ མ་བཏང་ཟེར་ཨིན་པས།

སྐྱེས་ལོ་༣༩ ལང་མི་གིས་འབད་བ་ཅིན་ ཨཱསི་ཊེ་ལི་ཡ་ལུ་ སྡོད་ནི་དེ་ ཟད་འགྲོ་ལྕི་དྲགས་ཨིནམ་མ་ཚད་ སྨན་བཅོས་ཀྱི་ ཟད་འགྲོ་ཡང་སྦོམ་གནསཔ་ཨིནམ་ ཧ་གོཝ་ལས་ རང་གི་རྒྱལ་ཁབ་ནང་ ལོག་འགྱོ་ནི་གི་ མནོ་བསམ་ཡོད་རུང་ གནམ་གྲུ་ཐང་ཚུ་ སྒོ་བསྡམས་ཡོདཔ་མ་ཚད་ རྒྱལ་ཁབ་ཚུ་ལས་བརྒྱུད་དེ་ འགྱོ་མ་ཆོགཔ་ལས་ ཁོང་ ག་དེ་སྦེ་ ལོག་འོང་ནི་ཨིན་ན་ མི་ཤེས་པས་ཟེར་ བཤདཔ་ཨིན་པས།

ཕྱི་འབྲོལ་བློན་པོ་ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ཨཱསི་ཊེ་ལི་ཡའི་བློན་ཆེན་གྱིས་ རྒྱལ་སྤྱི་སློབ་ཕྲུག་ཆ་མཉམ་ རང་གི་རྒྱལ་ཁབ་ནང་ ལོག་འགྱོ་དགོཔ་སྦེ་མེན་པར་ ཕར་སྡོད་ནི་གི་ ཟད་འགྲོ་གཏང་མ་ཚུགས་མི་ཚུ་ལུ་རྐྱངམ་གཅིག་གི་དོན་ལས་ གསུངས་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ རྒྱལ་ཁབ་ག་ར་གིས་ ཕྱི་མི་ཚུ་ ལོག་འགྱོ་དགོཔ་སྦེ་ སླབ་དོ་ཡོདཔ་ལས་ གནས་དོན་གསརཔ་ཅིག་མེན་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གི་ གནས་སྟངས་སྐོར་ལས་ གཞུང་གིས་ ལེགས་ཤོམ་སྦེ་ མཁྱེན་ཡོདཔ་ལས་ གསུང་གྲོས་ཡང་ གནང་ཡི་ཟེར་ཨིནམ་ད་ བེང་ཀོག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ བསླབ་བཀོད་ཡི་གུ་བཏང་ཡི་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *