གཞུང་གིས་ ཁྱིམ་གུང་རེ་ལུ་ ཁྲལ་ཡངས་སྣུམ་འཁོར་བྱིན་ནིའི་ འོས་འབབ་བལྟ་ནི།

༉ འབྲུག་མཉམ་རུབ་ཚོགས་པའི་ གཞུང་གིས་ ཁྱིམ་གུང་རེ་ལུ་ ཁྲལ་ཡངས་སྣུམ་འཁོར་གྱི་ ཐོབ་སྐལ་རེ་ བྱིན་ནི་གི་ འོས་འབབ་བལྟ་ནི་ཨིན་པས།
དེ་ཡང་ འདས་པའི་རེས་གཟའ་སྤེན་པ་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ལྷུན་རྩེ་སྨན་སྦིས་-བཙན་མཁར་གྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ བཙག་འཐུའི་སྐུལ་བསྒྲགས་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁྱིམ་གུང་རེ་ལུ་ དངུལ་ཀྲམ་ས་ཡ་༡.༥ འོག་རྒྱུ་འབད་མི་ ཁྲལ་ཡངས་སྣུམ་འཁོར་གྱི་ ཐོབ་སྐལ་རེ་ བྱིན་ནི་སྦེ་ ཁས་བླངས་འབད་ཡོདཔ་ལས་ ད་ལྟོ་ མི་སེར་ཚུ་ སག་ལང་སྟེ་ སྡོད་ནུག་ཟེར་ ཞུ་བའི་ལན་ལུ་ གཞུང་གིས་ ལམ་ལུགས་སོ་སོར་བཟོ་ཐོག་ལས་ མཁོ་སྤྲོད་འབད་ནི་ཟེར་ ཞུ་ཡི།
འདེམས་ཁོངས་ནང་ ལྟ་སྐོར་འགྱོ་བའི་སྐབས་ མི་ཚུ་གིས་ ཁས་བླངས་ཚུ་གི་སྐོར་ དྲན་གསལ་འབདཝ་མས་ཟེར་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་གིས་ ཞུ་བའི་ཁར་ གལ་སྲིད་ གཞུང་ལས་ སྣུམ་འཁོར་གྱི་ ཐོབ་སྐལ་མ་ལེན་པ་ཅིན་ དངུལ་ཀྲམ་ས་ཡ་༡.༥ འཐོབ་ནི་མས་ཟེར་བའི་ གོ་བ་བརྡ་ལོག་གོ་ནུག་ཟེར་ ཞུ་ཡི།
འཐུས་མི་ཆོས་སྐྱིད་རྒྱལ་མཚན་གྱིས་འབད་བ་ཅིན་ ཁྲལ་ཡངས་སྣུམ་འཁོར་གྱི་ ཐོབ་སྐལ་སྐོར་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ བཀོད་ནི་གི་ རེ་བ་ཡོད་རུང་ དེ་ནང་བཀོད་ནི་ཕར་བཞག་ ཞི་གཡོགཔ་གོངམ་ཚུ་གི་ གོ་གནས་ཡར་སེང་འབདཝ་ད་ ཐོབ་སྲོལ་ཡོད་མི་ ཐོབ་སྐལ་དེ་ཡང་ དངུལ་ཀྲམ་འབུམ་༨ ལས་ དངུལ་ཀྲམ་འབུམ་༢.༥ ལུ་ མར་ཕབ་བཏང་མི་ལུ་བརྟེན་ ད་རེས་ ཞི་གཡོགཔ་ཚུ་ སེམས་དང་མ་ལྡན་པར་འདུག་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཁྲལ་ཡངས་སྣུམ་འཁོར་དེ་ མ་དགོ་མི་ ག་ཡང་མེདཔ་ཨིན་རུང་ གནད་དོན་དེ་གི་སྐོར་ལས་ གཞུང་གི་ཁས་བླངས་གསལ་བསྒྲགས་ནང་ མ་ཚུད་ཟེར་ཞུ་ཡི།
འབྲུག་མཉམ་རུབ་ཚོགས་པ་གིས་ ཁྱིམ་གུང་རེ་ལུ་ སྣུམ་འཁོར་གྱི་ ཐོབ་སྐལ་རེ་ བྱིན་ནི་གི་ ཁས་བླངས་དེ་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་ཞིནམ་ལས་ འབད་མི་དེ་ཡང་ སྐུལ་བསྒྲགས་སྐབས་ མི་སེར་ཚུ་དང་ བསྟུན་གྲོས་འབདཝ་ད་ ཁོང་ལུ་ཡང་ དེ་བཟུམ་མའི་ སྣུམ་འཁོར་འཐོབ་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ སླབ་མི་ལུ་བརྟེན་ཨིན་ཟེར་ ཕྱི་འབྲེལ་བློན་པོ་གིས་ ཞུ་ཡི།
དེ་མ་ཚད་ དེ་སྦེ་ མཁོ་སྤྲོད་འབད་ཚུགས་པ་ཅིན་ ཚོགས་པའི་ལྟ་བ་ ཡོདཔ་ད་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ལུ་ ལྷན་ཐབས་འབྱུང་ནི་བཟུམ་ མཐོང་གསལ་བྱུང་ཡོད་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ ག་ར་ཨིན་རུང་ ལྷན་ཚོགས་ལུ་ ཕུལ་ཚར་མི་ རང་སོའི་ཁས་བླངས་ཚུ་མ་གཏོགས་ གཞན་འབད་མི་ཆོག་ཟེར་ སླབ་མི་ལུ་བརྟེན་ ཁས་བླངས་འབད་ནི་དེ་ བཤོལ་བཞག་ཅི་ཟེར་ ཁོ་གིས་ ཞུ་ཡི།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ གཞུང་གི་ཁས་བླངས་ཚུ་ཡང་ གཙོ་རིམ་སྒྲིག་ཐོག་ལས་ བཙུགསཔ་བཞིན་དུ་ ཁས་བླངསཚུ་གི་གྲས་ལས་ དང་པ་ར་ ཤེས་རིག་དེ་ གལ་གནད་ཅན་ཅིག་སྦེ་མཐོངམ་ལས་ འདི་ལུ་གཙོ་རིམ་བཟུང་སྟེ་ ཁས་བླངས་གྲུབ་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ གསོ་བ་དང་ དཔལ་འབྱོར་གྱི་ ཁས་བླངས་ཚུ་ གོ་རིམ་སྒྲིག་སྟེ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ གཞུང་གིས་ ཕྱག་ཞུ་ནི་ གནས་ཡུན་ལོ་༤ ལྷགཔ་ཅིག་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་༢ ཀྱི་ ཁས་བླངས་ནང་ ཁྱིམ་གུང་རེ་ལུ་ སྣུམ་འཁོར་རེའི་ ཐོབ་སྐལ་བྱིན་ནི་སྦེ་ ཚུད་ཡོདཔ་བཞིན་དུ་ གཞུང་གིས་ གོ་སྐབས་ཡོད་པ་ཅིན་ ཤུལ་མའི་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་ནང་བཙུགས་རུང་ མ་བཏུབ་མིན་འདུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ཞུ་ཡི།
འཐུས་མི་ཆོས་སྐྱིད་རྒྱལ་མཚན་གྱིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ བཀག་ཆ་འབད་ཡི་ཟེར་ སླབ་མི་དེ་ མི་བདེན་འོང་ཟེར་ཨིནམ་ད་ ཚོགས་པ་གིས་ བཙག་འཐུ་མཇུག་མ་བསྡུ་ཚུན་ གསལ་བསྒྲགས་འབད་དེ་ར་ སྡོད་ཅི་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *