གཞལམ་སྒང་ སྒོ་ཤིང་རྒེད་འོག་ནང་ རྒཔོ་མེད་པར་ ལོ་ལྷག་ཡོདཔ།

༉ གཞལམ་སྒང་ སྒོ་ཤིང་རྒེད་འོག་ནང་ རྒཔོ་མེད་པར་ ལོ་ལྷགཔ་ཅིག་ ལང་ཡོདཔ་ལས་ རྒེད་འོག་ནང་ སྟབས་མ་བདེཝ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ རྒེད་འོག་རྒཔོ་ སངས་རྒྱས་ལས་འཕྲོ་དེ་ རྒེད་འོག་ཚོགས་སྡེའི་ ཁྲི་འཛིན་ཨིན་པའི་ཁར་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ ཁྲི་འཛིན་གྱི་གོ་གནས་དང་ འགན་འཁྲི་ཚུ་འབག་དོ་ཡོད་རུང་ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་ གཏན་འཇགས་ཀྱི་ འགན་འཁྲི་འབག་ནི་ལས་ གནས་སྐབས་ཅིག་ དགོངས་ཕོག་བཏང་ཡོདཔ་ཨིན་པས།
དེ་ཡང་ རྒཔོ་གིས་ སྤྱི་ལོ་༢༠༡༡ དང་༢༠༡༥ འི་བར་ན་ སྣུམ་འཁོར་ལམ་བསལ་ནིའི་ ལས་འགུལ་ནང་ལས་ དངུལ་ཀྲམ་ས་ཡ་༡༠.༥༩༤ དེ་ཅིག་ ཚུལ་མིན་སྤྱོད་ཡོདཔ་ལས་ གནད་དོན་དེ་ ཁྲིམས་བཤེར་གྱི་དོན་ལུ་ པཱན་སྦང་དྲུང་ཁག་གི་ ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ ལོ་ལང་ཡོདཔ་ཨིན་པས།
སྒོ་ཤིང་རྒེད་འོག་གི་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ རྒེད་འོག་ནང་ རྒཔོ་མེད་པར་ ལོ་ ལྷགཔ་ཅིག་ལང་ཡོདཔ་ལས་ འཆར་གཞི་༡༢ པ་དང་ ལོ་བསྟར་འཆར་གཞི་དང་བསྟུན་པའི་ལཱ་ཚུ་ འབད་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
རྒཔོ་གི་ངོ་ཚབ་ དམངས་མི་པདྨ་བསམ་གྲུབ་ཀྱིས་ སླབ་མིའི་ནང་ རྒེད་འོག་ཡིག་ཚང་ནང་ རྒཔོ་དགོཔ་ངེས་བདེན་འདུག་ཟེར་ཨིནམ་ད་ ངོ་ཚབ་ཀྱི་འགན་ཁུར་དང་ རྒཔོ་གི་འགན་ཁུར་དེ་ མི་འདྲ་བས་ཟེར་ཨིན་པས།
དམངས་མི་གིས་ སླབ་མིའི་ནང་ རྒཔོ་གི་འགན་ཁུར་ཚུ་ དམངས་མི་གིས་ འབག་དགོཔ་བཞིན་དུ་ ལཱ་ཚུ་ཡང་ འབད་དགོཔ་ལེ་ཤ་ཡོད་རུང་ ཐོབ་ཐངས་ཐད་ཁར་ དམངས་མི་གི་ ཐོབ་ཐངས་ལས་བརྒལ་མེད་ཟེར་ ཨིན་པས།
གཞལམ་སྒང་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་འོགམ་དང་ བར་དོ་རྒེད་འོག་གི་རྒཔོ་ ཀུན་བཟང་འགྱུར་མེད་ཀྱིས་ སླབ་མིའི་ནང་ ཁྲི་འཛིན་མེདཔ་ལས་ ཁྲི་འཛིན་ངོ་ཚབ་སྦེ་ ཚོགས་འདུ་འགོ་འདྲེན་འཐབ་པའི་སྐབས་ ཁྲི་འཛིན་བཟུམ་སྦེ་ མཐའ་བཅད་ནིའི་དབང་ཚད་དང་ འགན་ཁུར་མེདཔ་ལས་ བྱ་སྟབས་མི་བདེ་བས་ཟེར་ཨིན་ པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་གྱི་ འགན་འཁྲི་ཡང་ ཚོགས་འདུའི་ཁྲི་འཛིན་འོགམ་གིས་ ཐེབས་འབག་སྟེ་ ལཱ་འབད་རུང་ ཁྲི་འཛིན་གྱི་ ཐོབ་ཐངས་མེདཔ་ལས་ དཀའ་ངལ་འདུག་ཟེར་ སླབ་ཨིན་པས།
ས་གནས་གཞུང་གི་བཅའ་ཁྲིམས་ཀྱི་ དོན་ཚན་༣༥ དང་འཁྲིལ་བ་ཅིན་ གཞན་དལ་གཞི་འབད་བ་ཅིན་ རྒཔོ་གི་ གོ་གནས་ཀྱི་ ས་སྟོང་བསུབ་ནིའི་དོན་ལུ་ ས་སྟོང་ཐོན་ཏེ་ ཞག་གྲངས་༣༠ འགྱོཝ་ཅིག་ ལོག་བཙག་འཐུ་འབད་ དགོཔ་སྦེ་འདུག།
ཨིན་རུང་ རྒཔོ་སངས་རྒྱས་ལས་འཕྲོ་དེ་ གནས་སྐབས་ཅིག་གི་དོན་ལུ་ དགོངས་ཕོག་བཏང་ཡོད་རུང་ གཡོག་ནང་ལས་ བཏོན་མ་གཏང་པར་འདུག།
བཅའ་ཁྲིམས་དང་འཁྲིལཝ་ད་ ས་གནས་གཞུང་གི་འཐུས་མི་ཚུ་གིས་ ཁྲིམས་འགལ་གྱི་ ལཱ་འབད་ནི་དང་ ཡང་ཅིན་ ཉེས་ཁྲིམས་སྨིན་དགོཔ་འཐོན་པ་ཅིན་ གཡོག་ནང་ལས་ བཏོན་གཏང་དགོཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ ས་གནས་གཞུང་གི་འཐུས་མི་ཅིག་གིས་ གལ་ཆེ་བའི་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུའི་ཚོགས་ཐེངས་ནང་ བྱེལཝ་བྱེལ་སར་ བཅའ་མར་གཏོགས་མ་ཚུགས་པར་ ལེན་ཐེངས་༢ ལས་ལྷག་སྟེ་ འགྱོ་བ་ཅིན་ དགོངས་ཕོག་གཏང་དགོཔ་སྦེ་ བཅའ་ཁྲིམས་ནང་འཁོད་དེ་ཡོདཔ་ཨིན་པས།
གཞལམ་སྒང་རྫོང་ཁག་གི་ ཚོགས་འདུའི་ཁྲི་འཛིན་ངོ་ཚབ་གིས་ སླབ་མི་དང་འཁྲིལཝ་ད་ སྐབས་ཐོབ་ཅིག་གི་དོན་ལུ་ ཡིག་ཚང་ལས་བཏོན་བཏང་མི་ སྒོ་ཤིང་རྒཔོ་དང་ ཚོགས་འདུའི་ཁྲི་འཛིན་གྱིས་ རྫོང་ཁག་ཚོགས་འདུའི་ ཚོགས་ཐེངས་༣ ཚུན་ བཅའ་མར་གཏོགས་མ་ཚུགས་ཟེར་ ཨིན་པས།
རྒྱལ་ཁབ་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ཐོན་པའི་སྐབས་ ས་གནས་གཞུང་གི་ བཅའ་ཁྲིམས་བསྟར་སྤྱོད་འབད་ནི་མེད་པར་ ཁུ་སིམ་སི་སྦེ་བཞག་མི་གནད་དོན་དེ་ ག་གིས་ཡང་ ཤེས་རྟོགས་མེདཔ་ཨིན་པས།
གཞལམ་སྒང་རྫོང་བདག་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ས་གནས་གཞུང་གི་ འཐུས་མི་ཅིག་ ངལ་གསོ་སྡོདཔ་ཨིན་ན་ ཡང་ཅིན་ གནས་སྐབས་ཅིག་ ཡིག་ཚང་ནང་སྡོད་མ་ཆོག་རུང་ གནད་དོན་གཞན་མིན་འདུག་ཟེར་ཨིན་པས།
ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ སྒོ་ཤིང་རྒཔོ་གི་དོན་ལུ་ཨིན་པ་ཅིན་ རྒཔོ་ཁོ་ར་ གནས་སྐབས་ཅིག་གི་དོན་ལུ་ དགོངས་ཕོག་བཏང་ཡོདཔ་ད་ ངལ་གསོ་ལེན་ཡོད་རུང་ དུས་ཡུན་རིང་སོ་པ་ཅིན་ གཞུང་དང་མི་སེར་གྱི་དོན་ལུ་ བར་འབྲེལ་འཐབ་མི་གསརཔ་ཅིག་ ལོག་བཙག་འཐུ་འབད་དགོཔ་འདུག་ཟེར་ཨིན་པས།
དྲུང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་གུ་ རྒཔོ་ཁོ་ར་ བསམ་པ་མ་རྫོགས་པ་ཅིན་ རྫོང་ཁག་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་ནིའི་གོ་སྐབས་འདུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཁྲིམས་དཔྱད་ངོ་ཚབ་ཀྱིས་ ཉེས་འཛུགས་བཀལ་མི་དེ་ཡང་ ཚུལ་མིན་ཐོག་ལས་ མ་དངུལ་ལོག་སྤྱོད་དང་ ཞུ་སྐུལ་འབད་མི་ གླ་ཁར་ལེན་མིའི་ནང་ གཡོ་སྒྱུ་འཐབ་མི་ དེ་ལས་ ཡིག་ཚང་གི་ དབང་ཚད་ལོག་སྤྱོད་འབད་ནུག་ཟེར་ དྲུང་ཁག་ཁྲིམས་འདུན་ལུ་ ཞུ་ནུག།
དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་བ་ཅིན་ རྒཔོ་གིས་ སྤྱི་ལོ་༢༠༡༡ ལུ་ རྒེད་འོག་ལྟེ་བའི་ལམ་བསལ་ནིའི་དོན་ལུ་ མ་དངུལ་ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ ལོག་སྤྱོད་འབད་ཡོད་པའི་ སྙན་ཞུ་ལྷོད་པའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
འཁོར་ལམ་དེ་ཡང་ ལམ་སྟང་ལས་ མེ་ཝང་སྒང་གི་བར་ན་ སེལ་བའི་སྐབས་ལུ་ བྱུང་ཡོདཔ་ད་ སྒོ་ཤིང་རྒེད་འོག་ནང་ སྤྱི་འོག་༥ དང་ མི་རློབས་༡,༣༩༦ ཡོདཔ་ད་ པཱན་སྦང་དྲུང་ཁག་ལས་ སྒོ་ཤིང་རྒེད་འོག་ནང་ལྷོད་ནི་ལུ་ ཀི་ལོ་མི་ཊར་༣༥ ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *