གཞལམ་སྒང་སློབ་གྲྭ་ལྟེ་བའི་ ཚོགས་རྒྱན་ས་ཁོངས་ནང་ ཨམ་སྲུ་ཚུ་གིས་ རང་སོའི་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་བཙར་སྡོད་པའི་བསྒང་།

གཞལམ་སྒང་ལུ་ འབྲུག་ཕུན་སུམ་ཚོགས་པ་ གདམ་ཁ་རྐྱབ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༣ པ་ འགོ་འདྲེན་འཐབ་པའི་སྐབས་ གཞལམ་སྒང་རྫོང་ཁག་གི་ བར་དོ་ཀྲོང་འདེམས་ཁོངས་དེ་ ཧེ་མ་ལས་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་སྒྲིང་སྒྲི་ཡོད་མི་ འདེམས་ཁོངས་ཅིག་ཨིན་རུང་ དུས་ཅིའི་བཙག་འཐུ་ནང་ བསྒྱུར་བ་འོང་ནི་མས་ཟེར་བའི་ བློ་སླབ་མི་ཐོན་ཡི།

ཚོགས་རྒྱན་གྱི་ གྲུབ་འབྲས་ཚུ་འོངམ་ད་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་གཉིས་ཀྱི་བར་ན་ ཁྱད་པར་དེ་ཅིག་མེདཔ་སྦེ་ ཐོན་ཡི།

ཨིན་རུང་ འདེམས་ཁོངས་དེ་ནང་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དེ་ འགྲེམ་ཐོག་དང་ ཚོགས་རྒྱན་འཕྲུལ་ཆས་གཉིས་ཆ་ར་ནང་ལས་ དུམ་གྲ་ཅིག་ མཐོ་སུ་སྦེ་ཐོབ་ནུག།

གཡུས་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ཏེ་ ལོག་འོང་པའི་སྐབས་ དྲི་བཀོད་འབདཝ་ད་ ལོ་ན་རྒས་མི་མང་ཤོས་ཀྱིས་ ཚོགས་པ་རྙིངམ་གཉིས་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ སླབ་མི་མང་སུ་ཐོན་ཡི།

ཚོགས་པ་རྙིངམ་༢ ཀྱི་བར་ན་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་མི་དང་ འགྲེམ་ཐོག་གཉིས་ཆ་ར་ནང་ ཁྱད་པར་དེ་ཅིག་ཡོད་པའི་ རྒྱབ་སྐྱོར་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ བར་དོ་ཀྲོང་འདེམས་ཁོངས་ནང་ལས་ ཚོགས་རྒྱན་བསྡོམས་ཀྱིས་༢,༣༥༨ མི་སེར་དམངས་གཙོ་ཚོགས་པ་གིས་༢,༢༥༤ འབྲུག་ཀུན་མཉམ་ཚོགས་པ་གིས་༧༩༦ དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་༡,༥༨༡ ཐོབ་ནུག།

པཱན་སྦང་འདེམས་ཁོངས་ནང་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༢,༥༥༩ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༡,༢༤༡ འབྲུག་མཉམ་རུབ་ཚོགས་པ་གིས་༡,༡༥༡ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་༣༣༣ ཐོབ་ནུག།

འབྲུག་མཉམ་རུབ་ཚོགས་པ་གིས་ བར་དོ་ཀྲོང་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༡,༠༨༦ དང་ འཕྲུལ་ཆས་ཚོགས་རྒྱན་༤༩༥ ཐོབ་ཡོདཔ་ད་ འབྲུག་ཀུན་མཉམ་ཚོགས་པ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༤༧༡ དང་ འགྲེམ་ཐོག་ཚོགས་རྒྱན་༣༢༥ ཐོབ་ནུག།

པཱན་སྦང་འདེམས་ཁོངས་ནང་ འབྲུག་ཕུན་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༡༦༡ དང་ འཕྲུལ་ཆས་ཚོགས་རྒྱན་༡,༣༩༨ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༤༧༥ དང་ འཕྲུལ་ཆས་ཚོགས་རྒྱན་༧༦༦ ཐོབ་ནུག།

འདེམས་ཁོངས་ནང་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༢༣ དང་ འཕྲུལ་ཆས་ཚོགས་རྒྱན་༥༢༨ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༩༧ དང་ འཕྲུལ་ཆས་ཚོགས་རྒྱན་༢༣༦ ཐོབ་ནུག།

སྐྱེས་ལོ་༧༥ ལང་མི་ དབང་མོ་གིས་ སླབ་མིའི་ནང་ མོ་ར་ ཧེ་མ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཨིནམ་ལས་ ཚོགས་པ་དེ་ལུ་ར་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་མི་དེ་ཡང་ མོ་གིས་འབད་བ་ཅིན་ ཚོགས་པ་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ འབྲེལ་བ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།

མོ་གིས་ མ་འོངས་པའི་ནང་ཡང་ ཚོགས་པ་དེ་ལུ་ར་ རྒྱབ་སྐྱོར་འབད་ནི་ཟེར་ བཤད་པའི་ཁར་ སྐྱེས་ལོ་༨༥ ལང་མི་ བསོད་ནམས་རྟ་མགྲིན་གྱིས་ཡང་ ཚོགས་པ་དེ་ལུ་ར་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།

ཨིན་རུང་ ན་གཞོན་ཚུ་ལུ་ དྲི་བ་བཀོད་པའི་སྐབས་ མང་ཤོས་ཅིག་གིས་ ཚོགས་པ་ག་ལུ་ བཙུགས་ཡོདཔ་ཨིན་ན་ སླབ་མ་བཏུབ་རུང་ ཚོགས་པ་གསརཔ་གཉིས་ལས་ གཅིག་ལུ་རྒྱབ་སྐྱོར་འབད་ཡི་ཟེར་ བཤད་མི་ཐོན་ཡི།

གཞལམ་སྒང་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༦,༡༥༠ ཐོན་ཡོད་པའི་གནས་ཚུལ།

གཞལམ་སྒང་ལས་ བཀྲིས་བསྟན་འཛིན།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *