གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༤༤ གནང་བ་གྲོལ་ཡོདཔ།

གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ལས་འཆར་ འགོ་བཙུགས་ཞིནམ་ལས་ཚུར་ སོ་ནམ་སྡེ་ཚན་དང་ སོ་ནམ་མེན་པའི་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་གི་དོན་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༤༣.༩ གནང་བ་གྲོལ་ཡོདཔ་ཨིན་པས།

མ་གཞི་ ལས་འཆར་དེ་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡ ལུ་ འགོ་བཙུགས་ཡོད་རུང་ ལས་སྡེ་དང་འབྲེལ་བའི་ གྲ་སྒྲིག་འབད་དགོཔ་ བྱུང་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༨ ལུ་རྐྱངམ་གཅིག་ སྐྱིན་འགྲུལ་གྱི་ གནང་བ་གྲུབ་ཚུགས་ཡོདཔ་ད་ སྐྱིན་འགྲུལ་དང་པ་ ཐོབ་མི་དེ་ཡང་ དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་༢༦ ལང་མི་ སོ་ནམ་པ་ཅིག་ཨིན་པས།

ཟླཝ་༣ གྱི་ནང་འཁོད་ནང་ ཆུ་ཁ་དང་ དར་དཀར་ནང་ མགར་ས་ གསར་སྤང་ ཐིམ་ཕུག་ རྩི་རང་ དབང་འདུས་ཕོ་བྲང་རྫོང་ཁག་༧ ལས་ སྐྱིན་འགྲུལ་གྱི་ཞུ་ཡིག་༩༢ ཐོབ་མི་ལས་༦༧ ལུ་ གནང་བ་གྲུབ་ཡོདཔ་ད་ ཞུ་ཡིག་༡༥ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་བཞིན་དུ་༡༠ ཆ་མེད་བཏང་ཡོདཔ་ཨིན་པས།

རྫོང་ཁག་དེ་ཚུ་ནང་ སྐྱིན་འགྲུལ་བསྡོམས་ དངུལ་ཀྲམ་ས་ཡ་༤.༨༧ ཆ་འཇོག་གྲུབ་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་དོན་ལུ་ དངུལ་ཁང་ཚུ་ལས་ དུས་ཐོག་གནས་སྡུད་དང་འཁྲིལཝ་ད་ ད་རུང་ ཞུ་ཡིག་༡༧ ཐོབ་ཡོདཔ་མ་ཚད་ སྤ་རོ་དང་ བཀྲིས་སྒང་རྫོང་ཁག་༢ ཀྱིས་ སྐྱིན་འགྲུལ་གྱི་ གནང་བ་འགྲུབ་ནིའི་དོན་ལུ་ ལྷན་ཐབས་འབད་ནུག།

འདས་པའི་ཟླཝ་ནང་ར་ སྐྱིན་འགྲུལ་ཐེབས་ དངུལ་ཀྲམ་ས་ཡ་༡༥.༣༥ འཛིན་གྲོལ་འབད་ཡོདཔ་ལས་ ཟླཝ་༤ འབད་མི་ དང་པའི་ནང་ སྐྱིན་འགྲུལ་བསྡོམས་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ འཛིན་གྲོལ་འབད་ནུག།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ འཛིན་གྲོལ་འབད་མི་ དངུལ་འབོར་དེ་གིས་ མི་སེར་ཚུ་ལས་ ངོས་ལེན་ལེགས་ཤོམ་བྱུང་པའི་ གསལ་སྟོན་འབདཝ་མས་ཟེར་ཨིནམ་ད་ ང་བཅས་ཀྱིས་ ལག་ལེན་འཐབ་མི་ ལས་འཆར་དེ་ལུ་ མི་སེར་ཚུ་གིས་ གོ་སྐབས་ལེན་དོ་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ སྤྱི་འཛིན་གྱིས་ བཤདཔ་ཨིན་པས།

དྲགོས་དཔལ་འབྱོར་གྱིས་འབད་བ་ཅིན་ སོ་ནམ་དང་ ནང་བཟོ་ དེ་ལས་ བཟོ་གྲྭ་ཆུང་བ་ཚུ་ གཞི་བཙུགས་འབད་མི་དེ་ རང་ལྡང་བཟོ་ནི་གི་ དམིགས་ཡུལ་གཙོ་བོ་ཅིག་ཨིནམ་བཞིན་དུ་ རྒྱལ་ཁབ་འདི་ རང་མགོ་རང་འདྲོངས་ འགྱོ་དགོ་པ་ཅིན་ མི་ཚུ་གིས་ ཚོང་དང་འབྲེལ་བའི་ སོ་ནམ་ལཱ་ཚུ་ནང་ འབྲེལ་འཛིན་འབད་དགོ་ཟེར་ཨིན་པས།

རྫོང་ཁག་གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཚོགས་ཆུང་གིས་ གྲོས་འཆར་ཚུ་ གནང་བ་གྲུབ་ཨིན་རུང་ སྐྱིན་འགྲུལ་འཐོབ་མི་འཐོབ་ ངེས་བརྟན་མེདཔ་ལས་ དངུལ་ཁང་ཚུ་གིས་ སྤྱི་ཟླ་༣ པ་ཚུན་ གྲོས་འཆར་༡༢ ཐོབ་མི་ཚུ་ག་ར་ ངོས་ལེན་གྲུབ་ཡོདཔ་ཨིན་པས།

འདས་པའི་ཟླཝ་ནང་ དངུལ་ཁང་ཚུ་གིས་ ཞུ་ཡིག་༤༩ ཐོབ་མི་ལས་༢༡ ལུ་ སྐྱིན་འགྲུལ་གྱི་ གནང་བ་གྲུབ་ཡོད་རུང་ ཞུ་ཡིག་༡༩ ཆ་མེད་དང་༩ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།

ཨིན་རུང་ ད་ཚུན་གྱི་བར་ན་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་གྱི་ ལས་འཆར་ནང་ འབྲེལ་འཛིན་འབད་མི་ འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་༢ རྐྱངམ་གཅིག་ཨིནམ་ད་ དངུལ་ཁང་གཞན་དང་ དངུལ་འབྲེལ་ལས་ཁང་ཚུ་གིས་ སྐྱིན་འགྲུལ་ལས་འཆར་གྱི་ ལས་འགུལ་ཚུ་ལུ་ ངོས་ལེན་འབད་དགོཔ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *