གནོད་ཉེན་སྐོར་ ཤེས་རྟོགས་ཡོད་རུང་ སྟབས་མ་བདེཝ་ཚུ་ཡང་སེལ་དགོཔ།

༉ འབྲུག་ལུ་ཡང་ འཛམ་གླིང་རྒྱལ་ཁབ་གཞན་བཟུམ་སྦེ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ དཔལ་འབྱོར་གནས་སྟངས་ སྐྱོ་དྲགས་བཟོ་ཡོདཔ་མ་ཚད་ མི་མང་ཞབས་ཏོག་ཚུ་ལུ་ཡང་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ ག་ར་གིས་ མ་ཤེསཔ་དང་ མ་མཐོངམ་མེད་ཟེར་ཞུ་ནི།

ནད་ཡམས་དེ་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་བཞིན་དུ་ཡོད་རུང་ ནད་ཡམས་ཀྱི་ གནས་སྟངས་དེ་ ལུགས་སྲོལ་གསརཔ་ཅིག་ ནང་ལེན་འབད་ཐོག་ལས་ རྒྱལ་ཁབ་ནང་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེ་ནི་ འགོ་བཙུགས་པའི་ཁར་ གཞུང་དང་ ལས་འཛིན་ སྒེར་གྱི་ཡིག་ཚང་ཚུ་ཡང་ ཨ་རྟག་བཟུམ་སྦེ་ ལཱ་འབད་དོ་ཡོདཔ་མ་ཚད་ མི་ཚུ་དུས་རྒྱུན་གྱི་ ལཱ་འབདཝ་མས་ཟེར་ཞུ་ནི།

ཨིན་རུང་ ཞབས་ཏོག་ཚུ་གི་གྲས་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་གསརཔ་ ད་ལྟོའི་བར་ན་ཡང་ སྤྲོད་ནི་འགོ་མ་བཙུགས་པས་ཟེར་ཞུ་ནི།

ང་གིས་ དེད་གཡོག་སྦྱོང་བརྡར་སྤེལ་ཁང་ཅིག་ནང་ སྣུམ་འཁོར་གཏང་ཐངས་ ཀྱི་ སྦྱོང་བརྡར་མཇུག་བསྡུ་སྟེ་ ཟླཝ་༦ ལྷག་སོ་རུང་ ཆོག་ཐམ་མེད་པར་ སྣུམ་འཁོར་གཏང་མི་བཅུག་པའི་ཁར་ གློ་བུར་གྱི་ གནས་སྟངས་ནང་ འགྱོ་དགོཔ་འཐོན་རུང་ སྣུམ་འཁོར་ལགཔ་མ་འདོགས་པར་ དེ་སྦེ་ར་ བཞག་དགོ་པས་ཟེར་ཞུ་ནི།

གླ་འཐུས་དངུལ་ཀྲམ་༡༢,༠༠༠ སྤྲོད་དེ་ ཟླཝ་༣ གྱི་རིང་ སྣུམ་འཁོར་གཏང་ཐངས་ཀྱི་ སྦྱོང་བརྡར་འབད་ཚརཝ་ད་ སྣུམ་འཁོར་གཏང་མ་ཆོག་པ་ཅིན་ འཐུས་སྤྲོད་མི་དེ་ འཕྲོ་བརླག་ཨིནམ་མ་ཚད་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་གཏང་ནིའི་ ཆོག་ཐམ་མཚམས་འཇོག་འབད་ར་ བཞག་པ་ཅིན་ དེད་གཡོག་གི་ སྦྱོང་བརྡར་འབད་དགོཔ་ཅིག་ཡང་ མི་མཐོངམ་མས་ཟེར་ཞུ་ནི།

ད་རེས་ནངས་པར་ ནད་ཡམས་ཀྱི་ གདོང་ལེན་དང་ སྟབས་མ་བདེཝ་ཚུ་ སེལ་ཐབས་ལུ་ གཙུག་སྡེ་ཚུ་གིས་ ཐབས་ལམ་བཏོན་དོ་བཟུམ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ཡང་ མི་མང་གི་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ ཐབས་ལམ་གང་དྲག་ བཏོན་དགོཔ་འདུག་ཟེར་ཞུ་ནི།

དབང་འཛིན་གྱིས་ སྣུམ་འཁོར་དང་ རྒྱུན་འགྲུལ་གྱི་ སྒྲིག་གཞི་ཚུ་ལས་ འགལ་མི་ཚུ་ལུ་ ཉེས་བྱ་བཀལ་ནི་རྐྱངམ་གཅིག་ལུ་ ཤུགས་བཏོན་ནི་མེན་པར་ ང་བཟུམ་སྦེ་ དེད་གཡོག་པའི་ ཆོག་ཐམ་ལེན་ནིའི་དོན་ལུ་ སྒུག་སྡོད་མི་ བརྒྱ་ཕྲག་ལས་བཅད་དེ་ འོང་སྲིད་ཟེར་ཞུ་ནི།

སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་གསརཔ་སྤྲོད་ནི་དང་ རྙིངམ་བསྐྱར་གསོ་འབད་ནིའི་དོན་ལས་ ནད་ཡམས་ཞི་ནི་ལུ་ སྒུག་སྡོད་པ་ཅིན་ ང་བཟུམ་མའི་ མི་ཚུ་གིས་ ཆོག་ཐམ་ནམ་ཡང་ འཐོབ་མི་ཚུགས་ནི་མས་ཟེར་ཞུ་ནི།

དབང་འཛིན་གྱིས་ དགོ་འདོད་བཀོད་མི་ག་ར་ལུ་ ཆོག་ཐམ་སྤྲོད་ཐབས་མེད་རུང་ ཉིནམ་༡ ཡང་ཅིན་ བདུན་ཕྲག་༡ ནང་ ཚད་བཟོ་སྟེ་ སྤྲོད་པ་ཅིན་ ད་ལྟོ་བྱུང་མི་ གདོང་ལེན་མང་ཤོས་ར་ སེལ་ཚུགས་ཟེར་ཞུ་ནི།

པ་སངས་དབང་མོ།

སྤ་རོ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *