གནས་སྟངས་དང་བསྟུན་ ལས་མིའི་དཀའ་ངལ་སེལ་ཐབས།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་ཤུལ་ལས་ བཟོ་སྐྲུན་ཚོང་འབྲེལ་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་མི་ལུ་བརྟེན་ དུས་ཚོད་ཁར་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་འདུག།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ གནམ་གཤིས་གནས་སྟངས་དང་ ཅ་ཆས་ཚུ་ལུ་བརྟེན་མེན་པར་ ལས་མི་འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་ནི་དེ་གིས་ཨིན་མས།
ད་ལྟོ་ བཟོ་སྐྲུན་འབད་འཕྲོ་ཡོད་མི་ གཞུང་དང་ སྒེར་གྱི་སྒྲིང་ཁྱིམ་ཚུ་ ལས་མིའི་དཀའ་ངལ་ལུ་བརྟེན་ བཟོ་སྐྲུན་ཡུན་འགྱངས་ལུས་པ་ཅིན་ ལྷག་པར་དུ་ ཟད་འགྲོ་ཐེབས་གནས་ནི་ཨིནམ་ལས་ ཐབས་ལམ་བཏོན་དགོཔ་འདུག།
དེའི་དོན་ལུ་ ལས་གཡོག་ལྷན་ཁག་གིས་ འཕྲལ་ཁམས་ཅིག་ལས་ ཕྱིའི་ལས་མི་ཚུ་ རྒྱལ་ཁབ་ནང་ འོང་ཆོགཔ་སྦེ་ བཟོ་ཡོདཔ་ད་ དེ་ཡང་ ནད་ཡམས་སྔོན་འགོག་གི་ སྒྲིག་གཞི་དང་ ལམ་ལུགས་ཚུ་དང་ འཁྲིལ་དགོཔ་ཨིན་མས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ གཞུང་དང་སྒེར་གྱི་ བཟོ་སྐྲུན་འབད་མི་ཚུ་གིས་ ཕྱིའི་ལས་མི་རིག་རྩལ་ཅན་དང་ ཡང་ཅིན་ རིག་རྩལ་མེད་མི་ཚུ་ རྒྱལ་ཁབ་ནང་ འཁྱིད་འོང་ནིའི་དོན་ལུ་ ཞུ་ཡིག་མང་རབས་ཅིག་ བཙུགས་ཡོད་མི་ལུ་ལྟཝ་ད་ གལ་སྲིད་ ནད་ཡམས་སྔོན་འགོག་གི་ གདོང་ལེན་དོན་ལུ་ སྒྲིག་གཞི་བརྩམས་ཡོད་མི་ཚུ་དང་ ཚུལ་མཐུན་མ་གནས་པ་ཅིན་ མི་སྡེ་ནང་ ནད་འབུབ་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ དྲན་ཤེས་བཏོན་དགོཔ་འདུག།
ཕྱིའི་ལས་མི་ཚུ་གིས་ སྐབས་ཐེངས་ཅིག་གི་དོན་ལུ་ རྒྱལ་ཁབ་ནང་འོང་སྟེ་ འཁོར་ལམ་དང་ ཟམ་པ་ སྒྲིང་ཁྱིམ་ཚུ་རྐྱབ་སྟེ་ ལོག་ཁོང་རའི་རྒྱལ་ཁབ་ནང་ འགྱོ་དོ་ཡོདཔ་ལས་ མ་འོངས་ཡུན་བརྟན་སྦེ་ ལས་མིའི་དཀའ་ངལ་ སེལ་ཐབས་འབད་མ་ཚུགས་པའི་ གདོང་ལེན་བྱུངམ་ཨིན་མས།
དེའི་དོན་ལུ་ འདས་པའི་ཟླཝ་ནང་ ལས་གཡོག་ལྷན་ཁག་གིས་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ལས་འགུལ་དེ་གིས་ ང་བཅས་རའི་ འབྲུག་པའི་ལས་མི་ཚུ་ལུ་ ཕན་རླབས་སྦོམ་སྦེ་ར་བྱུང་ནུག།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ལས་འགུལ་ནང་ ཐོ་བཀོད་འབད་མི་ འབྲུག་པའི་ལས་མི་༡,༡༦༤ ཐོན་མི་དེ་ ངོས་ལེན་ལེགས་ཤོམ་ཡོད་པའི་ རྟགས་མཚན་ཅིག་ཨིནམ་ད་ ལས་འགུལ་ནང་ རིག་རྩལ་ཡོད་མི་དང་མེད་མི་གཉིས་ཆ་ར་ལུ་ གོ་སྐབས་ཡོདཔ་བཞིན་དུ་ བཟོ་སྐྲུན་ལས་སྡེ་ནང་ ལས་མི་༤,༠༠༠ ལྷགཔ་ཅིག་ དགོས་མཁོ་ཡོདཔ་ཨིན་མས།
ནད་ཡམས་ཀོ་བིཌ་-༡༩ གིས་ ཕྱིའི་ལས་མི་ལུ་བརྟེན་སྡོད་མི་ ང་བཅས་རའི་ བཟོ་སྐྲུན་ཚོང་འབྲེལ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ད་ དེ་ཡང་ ད་རེས་ནངས་པར་ ལྟ་བཤལ་ལམ་སྟོན་པ་དང་ སྤྲོ་སྟོན་ཁང་ནང་ལཱ་འབད་མི་ དེ་ལས་ ཟ་ཁང་ནང་ ལཱ་འབད་མི་ཚུ་གིས་ འཚེར་སྣང་མེད་པར་ བཟོ་སྐྲུན་ནང་ བཅའ་མར་གཏོགས་དོ་ཡོདཔ་ལས་ ད་ལྟོ་ཚུན་ རིག་རྩལ་དང་ལཱ་གཡོག་ རྟགས་མཐུན་མ་ཚུགས་པའི་ དཀའ་ངལ་དང་ འབྲུག་པའི་མི་སྡེ་ནང་ སྣང་ཆུང་སྦེ་བརྩི་མི་ ལས་མིའི་མནོ་ལུགས་དེ་ཡང་ མེདཔ་བཟོ་ཚུགས་ཡི།
ད་ལྟོའི་གནས་སྟངས་ནང་ ལཱ་གཡོག་འཚོལ་མི་དང་ ལཱ་གཡོག་བྱིན་མི་གཉིས་ཆ་ར་ཡོདཔ་ལས་ གཞུང་གིས་ བཟོ་སྐྲུན་ལས་སྡེ་ནང་ གདམ་ཁ་རྐྱབ་བཅུག་ནིའི་དོན་ལུ་ བཟོ་སྐྲུན་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ བྱིན་ནི་ཨིནམ་མ་ཚད་ ལཱ་གཡོག་གི་ ཉེན་སྲུང་ཡང་ འོས་ལྡན་བཟོ་ནི་ཨིན་མས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་ནང་ ལཱ་འབད་མི་འབྲུག་མི་ཚུ་ལུ་བལྟ་བ་ཅིན་ སྲིད་བྱུས་དང་ ལམ་ལུགས་ཚུ་ ལེགས་ཤོམ་ཡོདཔ་ལས་ སྤྲོ་སྣང་ཐོག་ལུ་ ལཱ་འབད་བའི་ མངོན་གསལ་བྱུངམ་ཨིན་མས།
འབྲུག་མི་ཚུ་གིས་ རྩི་སའི་ལཱ་འབད་མི་བཏུབ་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ གནས་སྟངས་དང་བསྟུན་ འགྱུར་བ་འགྱོ་དོ་ཡོདཔ་ལས་ འགྲོས་ཀྱིས་སྦེ་ ཕྱི་ཁའི་ལས་མི་ཚུ་ལུ་ བརྟེན་མ་དགོ་པའི་ཁར་ ལས་མི་མ་འཐོབ་པའི་ དཀའ་ངལ་ཡང་ སེལ་ཐབས་འབད་ཚུགས་ནིའི་ གོ་སྐབས་འདུག།

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *