གནས་སྐབས་གཞུང་གི་ གྲོས་དཔོན་ཚུ་གི་ ཕྱག་འགན་འགོ་བཙུགས་ཡོདཔ།

ཁ་ཙ་ལས་ གནས་སྐབས་ཀྱི་གཞུང་གི་ གྲོས་དཔོན་ཚུ་གིས་ རང་སོའི་ལས་སྡེའི་ འགན་ཁུར་ཚུ་འབག་ནི་ འགོ་བཙུགས་ཅི།

དེ་ཡང་ གྲོས་དཔོན་སྤྱི་ཁྱབ་ དྲགོས་ཚེ་རིང་དབང་ཕྱུག་དེ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་དང་ ཕྱི་འབྲེལ་ལྷན་ཁག་གཉིས་ བལྟ་ནི་ཨིནམ་ད་ དྲགོས་ཚེ་རིང་དབང་ཕྱུག་དེ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་ཨིན་པས།

དཔལ་འབྲུག་ཞིབ་འཇུག་ལྟེ་བའི་གཙོ་འཛིན་ དྲགོས་ཀརྨ་ཨུ་ར་གིས་ དངུལ་རྩིས་ལྷན་ཁག་གི་ འགན་ཁུར་འབག་ནི་ཨིན་པས།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱི་ཁྲི་འཛིན་ དྲགོས་ཨོ་རྒྱན་ཚེ་དབང་དེ་ ཤེས་རིག་ལྷན་ཁག་གི་ གྲོས་དཔོན་ཨིནམ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ བསྟན་རྒྱས་ལྷན་ཁག་ བལྟ་ནི་ཨིན་པས།

འབྲུག་གློག་མེ་སླར་འབྱུང་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དེ་ ཞབས་ཏོག་ལྷན་ཁག་གི་ གྲོས་དཔོན་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་དེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ གྲོས་དཔོན་དང་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོག་མ་ དངོས་གྲུབ་རྡོ་རྗེ་དེ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་ གྲོས་དཔོན་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀུན་ལེགས་གཡང་འཛོམས་དེ་ གསོ་བ་ལྷན་ཁག་གི་ གྲོས་དཔོན་དང་ ཀུན་གསལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ བ་ཅུ་ཕུརཔ་རྡོ་རྗེ་དེ་ ལས་གཡོག་ལྷན་ཁག་གི་ གྲོས་དཔོན་ཨིན་པས།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༩ པའི་རྩ་དོན་༡ པའི་ དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་པོ་མཆོག་གིས་ སྤྱི་ཟླ་༨ པའི་ཚེས་༩ ལུ་ བཀའ་ཤོག་གནང་ཐོག་ལས་ གནས་སྐབས་ཀྱི་ གཞུང་༢ པའི་དོན་ལུ་ གྲོས་དཔོན་སྤྱི་ཁྱབ་དང་ གྲོས་དཔོན་ཚུ་ བསྐོ་བཞག་གནང་ཡི།

གནས་སྐབས་ཀྱི་གཞུང་གིས་ རྒྱལ་ཡོངས་ཚོགས་འདུ་གསར་བཙུགས་གྲུབ་སྟེ་ བློན་ཆེན་གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་མ་བཙུགས་ཚུན་ཚོད་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་ བར་ཆད་མེད་པར་ འཕྲོ་མཐུད་འཐབ་ནི་ཨིན་པས།

གནས་སྐབས་ཀྱི་གཞུང་གིས་ ཉིན་གྲངས་དགུ་བཅུ་ལས་མ་འདས་པའི་ དུས་ཡུན་ནང་ དད་དམ་ལྷད་མེད་ཀྱི་སྒོ་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིནམ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ དུས་ཡུན་དེ་གི་ ནང་འཁོད་ལུ་ སྤྱི་ཚོགས་ཅན་གྱི་གཞུང་ བཙག་འཐུ་འབད་ནིའི་དོན་ལུ་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུ་ཚུ་ རང་མོས་དང་ རྣམ་དག་གི་ བཙག་འཐུ་འབད་ཚུགསཔ་ བཟོ་ནི་ལུ་ ཆ་རོགས་འབད་ནི་ཨིནམ་ད་ གནས་སྐབས་ཀྱི་གཞུང་དེ་  སྤྱི་ཟླ་༡༠ པའི་ཚེས་༣༠ ཚུན་ ཡིག་ཚང་གི་ བྱ་སྒོ་འཐབ་ནིའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *