གནས་སྐབས་གཞུང་གི་འགན་ཁུར།

༉ སྤྱི་ཟླ་༨ པའི་ཚེས་༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་གནང་མི་དང་བསྟུན་ ཁ་ཙ་ལས་ གྲོས་དཔོན་སྤྱི་ཁྱབ་བརྩིས་ཏེ་ གྲོས་དཔོན་༩ གི་ ལྷན་ཁག་སོ་སོའི་ འགན་ཁུར་ཚུ་ བགོ་བཀྲམ་ཐོག་ དུས་རྒྱུན་གྱི་ བྱ་སྒོ་འཐབ་ནི་ འགོ་བཙུགས་ནུག།

གནས་སྐབས་ཀྱི་གཞུང་ གཞི་བཙུགས་གནང་མི་དེ་ཡང་ གཞུང་གི་གནས་ཡུན་ ལོ་ལྔ་ཚང་སྟེ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་བའི་ ནམ་དུས་ལུ་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་ བསྒྲུབ་ཐབས་ལུ་ཨིན་མས།

འབྲུག་ལུ་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབདཝ་དང་འབྲེལ་ སྤྱི་ཚོགས་ཅན་གྱི་ གཞུང་བཙག་འཐུ་གྲུབ་ཞིནམ་ལས་ ལོ་ལྔའི་གནས་ཡུན་ཚངམ་ད་ གཞུང་རྩ་གྲོལ་འགྱོ་དགོཔ་ བཟོ་མི་དེ་ ལག་ལུགས་མ་འདྲཝ་ཅིག་ཨིན་མི་དེ་ཡང་ དམངས་གཙོའི་རྒྱལ་ཁབ་གཞན་ཚུ་ནང་ གཞུང་གི་གནས་ཡུན་ཚང་རུང་ བཙག་འཐུ་མཇུག་མ་བསྡུ་ཚུན་ཚོད་ གནས་སྐབས་ཅིག་གི་དོན་ལུ་ གཞུང་འཕྲོ་མཐུད་སྐྱོང་སྲོལ་ཡོདཔ་ལས་ གཞུང་གི་རྒྱུ་དངུལ་དང་ ཐོན་ཁུངས་ཚུ་ ལོག་སྤྱོད་འབད་ནིའི་ ཉེན་ཁ་ཡོདཔ་ཨིན་མས།

དེ་མ་ཚད་ འཛམ་གླིང་རྒྱལ་ཁབ་ལ་ལོ་ཅིག་ནང་ གཞུང་གི་ གནས་ཡུན་ཚང་རུང་ ཡིག་ཚང་ནང་ལས་ ཐོན་འགྱོ་མ་བཏུབ་དང་ གནས་སྟངས་ལ་ལོ་ཅིག་ནང་ གནས་སྐབས་ཅིག་གི་དོན་ལུ་ གཞུང་བདག་འཛིན་འཐབ་མི་གིས་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་གསརཔ་ལུ་ གཞུང་རྩིས་སྤྲོད་མ་བཏུབ་པའི་ གནས་སྟངས་ཚུ་ ཐོན་ཡོདཔ་ཨིན་མས།

འདི་བཟུམ་མའི་ ཉེན་ཁ་ཚུ་ འབྲུག་རྒྱལ་ཁབ་ནང་ མི་འཐོན་ནིའི་དོན་ལུ་ རྩ་ཁྲིམས་ཆེན་མོ་ཟིན་འགོད་འབད་བའི་སྐབས་ གནད་དོན་དེ་ཚུ་ ཐུགས་ཁར་བསྣམས་ཏེ་ གནས་ཡུན་ཚང་མི་ གཞུང་དེ་ རྩ་གྲོལ་འགྱོ་དགོཔ་དང་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་འབད་དགོཔ་ བཟོ་མི་དེ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།

རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ གནས་སྐབས་ཀྱི་ གཞུང་འདི་གིས་ དུས་རྒྱུན་གྱི་ བྱ་སྒོ་ཚུ་ བསྒྲུབ་ནི་མ་གཏོགས་ སྲིད་བྱུས་ཅིག་གི་གྲོས་ཆོད་ ཡང་ཅིན་ ཕྱི་གཞུང་གི་ ལས་ཚོགས་ཚུ་དང་གཅིག་ཁར་ གན་རྒྱ་བཅས་ གང་ཡང་བཟོ་ནིའི་ ཐོབ་རིམ་མེདཔ་ཨིན།

རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ ཁྲི་འཛིན་བགྲེསཔ་གིས་ བཤད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་སོང་སྟེ་ ཉིན་གྲངས་༡༥ འི་ནང་འཁོད་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་འབད་དགོ་པའི་ དོན་ཁུངས་སྦོམ་ཡོད་མི་དེ་ཡང་ གཞུང་སྐྱོང་གནས་ཡུན་ཚང་སྟེ་ འགྱོ་མི་དང་ གནས་སྐབས་གཞུང་གི་བར་ན་ ལཱ་ཚུ་འབད་དགོཔ་ཡོད་ནི་དེ་གིས་ཨིན་མས།

འདི་བཟུམ་མའི་ ཞག་གྲངས་དེ་ མ་བཞག་པར་ གཞུང་སྐྱོང་གི་ གནས་ཡུན་ཚངམ་ཅིག་ དེ་གི་ནངས་པ་ར་ གནས་སྐབས་ཀྱི་གཞུང་བསྐོ་བཞག་འབད་བ་ཅིན་ ང་བཅས་རའི་ ལམ་ལུགས་སྲོལ་ནང་ གཞུང་སྐྱོང་ཚོགས་པའི་ གནས་ཡུན་ཚང་ནི་ལུ་ བསྒུག་སྡོད་སྡོདཔ་བཟུམ་ མཐོང་ནི་དང་ ཆོས་ཕྱོགས་ཀྱི་ ཧོངས་ལས་འབད་རུང་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་གི་དོན་ལས་ གཟའ་སྐར་འཕྲོད་སྦྱོར་ཚུ་ཡང་ བལྟ་དགོཔ་ཡོད་མི་ལུ་བརྟེན་ ཞལ་གྲངས་༡༥ བཞག་ནུག།

སྤྱི་ལོ་༢༠༡༨ ཀྱི་ སྤྱི་ཚོགས་༣ པའི་རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་དེ་ དུས་ཡུན་ཟླཝ་༣ གྱི་ནང་འཁོད་ལུ་ འགོ་འདྲེན་འཐབ་དགོཔ་བཞིན་དུ་ ཉིན་གྲངས་༩༠ ལས་མ་འདས་པའི་ དུས་ཡུན་དེ་གི་ ནང་འཁོད་ལུ་ གནས་སྐབས་ཀྱི་གཞུང་གིས་ འཛིན་སྐྱོང་འཐབ་ནི་ཨིན་རུང་ རྒྱལ་ཡོངས་ཚོགས་འདུ་ གསར་བཙུགས་གྲུབ་སྟེ་ བློན་ཆེན་གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་བཙུགས་པའི་ ཚེས་གྲངས་ལས་ གནས་སྐབས་གཞུང་གི་ གནས་འཕྲོ་ཆདཔ་ཨིན་ནོ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *