རྟིང་དཀར་སྤང་ལུ་ ཚེམ་མཁར་ཟེར་ ལྷའི་ཕོ་བྲང་གི་གདོང་ཁར་ ཕྱྭ་རྐྱབ་པའི་བསྒང་།

གནས་པའི་ཕྱྭ་ཟེར་མི་ བོན་ལྷ་གསོལ་མཆོད་ ཉམས་ཉེན་གུ་ལྷོད་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་གི་ གཡུས་ཚན་མང་ཤོས་ཅིག་ནང་ ཕྱྭ་ཟེར་མི་ བོན་ལྷ་གསོལ་མཆོད་ཀྱི་ དུས་སྟོན་བརྩི་སྲོལ་ཡོད་རུང་ སྒང་ཟུར་རྒེད་འོག་ གནས་གཡུས་ཚན་ནང་འབད་བ་ཅིན་ གནས་པའི་ཕྱྭ་དེ་ གཞན་དང་མ་འདྲཝ་སྦེ་ བརྩིཝ་ཨིན་པས།
ཨིན་རུང་ དུས་ཀྱི་འཕོ་འགྱུར་དང་ འཛམ་གླིང་གཅིག་གྱུར་འགྱོ་བའི་ ནམ་དུས་ལུ་ ན་གཞོན་ཚུ་གིས་ བོན་མཆོད་ཕ་བརྒྱུད་བུ་བརྒྱུད་སྦེ་ གཞི་འཛིན་འབད་ནི་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ཨིན་པས།
གནས་དགོན་པ་ལས་ སྐྱེས་ལོ་༦༣ ལང་མི་ ཚེ་རིང་དཔལམོ་གིས་ སླབ་མིའི་ནང་ ཧེ་མ་ མོ་ར་ ན་ཆུང་སྦེ་སྡོདཔ་ད་ ན་གཞོན་ཚུ་གིས་ བཅའ་མར་གཏོགས་ནི་ཡོད་རུང་ ད་རེས་ནངས་པར་ ངོ་ཚཝ་མས་ཟེར་སླབ་སྟེ་ དང་འདོད་བསྐྱེད་མི་བཏུབ་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལྟོ་ ཕྱྭ་གི་ལེའུ་བསྒྱུར་མི་ རྒན་རྒས་ཙང་ཙ་ཨིནམ་ལས་ མ་འོངས་པ་ལུ་ ཁོང་གི་ ལམ་སྲོལ་དེ་ བདག་འཛིན་འབད་མི་ མི་འོང་ནི་ཨིན་པའི་ ཚ་གྱང་ཡོད་ཟེར་ཨིན་པས།
ལེའུ་བསྒྱུར་ཐངས་ཀྱི་ སློབ་སྟོན་འབད་མི་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་བགྲེསཔ་ སྐྱེས་ལོ་༥༩ ལང་མི་ ཕུན་ཚོགས་རབ་བརྟན་གྱིས་ སླབ་མིའི་ནང་ ཕྱྭ་རྐྱབ་མིའི་ གྱངས་ཁ་ཡང་ མར་འབབ་འགྱོཝ་མས་ཟེར་ཨིནམ་ད་ མ་གཞི་ ཕྱྭ་རྐྱབ་མིའི་གྱངས་ཁ་ གཏན་འཁེལ་མེད་རུང་ ཉུང་ཤོས་༢༥ དེ་ཅིག་ འོང་ནི་ཡོདཔ་ལས་ ད་རེས་ མི་གྲངས་༡༢ དེ་ཅིག་མ་གཏོགས་ མིན་འདུག་ཟེར་ བཤདཔ་ཨིན་པས།
གནས་ཚོགས་པ་ པདྨ་ཚེ་བརྟན་གྱིས་ ཕྱྭ་གི་སྦྱིན་བདག་དེ་ སྔར་སྲོལ་དང་འཁྲིལ་ གནས་སྣག་ཚང་གི་ བཟའ་ཚང་གིས་ར་ འབད་དགོཔ་མ་ཚད་ ཁྱབ་བདག་གི་རིགས་ཚུ་ཡང་ ཁོང་ར་གིས་ འཚོལ་དགོཔ་བཞིན་དུ་ དུས་སྟོན་ནང་ འབྲེལ་གཏོགས་འབད་མི་ཚུ་ལུ་ ཐོབ་ཐངས་དང་འཁྲིལ་ བཞེས་སྒོ་ཚུ་ཡང་ ལྟོ་བྲེ་གིས་འཇལ་ཏེ་ བྱིན་དགོ་ཟེར་ སླབ་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ཕྱྭ་དེ་ མི་སེར་མང་གིས་ རྩིས་སྤྲོད་ལེན་གྱི་ལོ་རྒྱུས་ སླབ་ཡོད་རུང་ ཉན་མ་བཏུབ་མི་དེ་ ཁྱིམ་གུང་གཞན་ཚུ་ ཧེ་མ་ སྣག་ཚང་གི་འོག་ལུ་ ལཱ་འབད་སྡོད་དེ་ ས་གཞིས་མེད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ ལམ་སྲོལ་དེ་ ཉམས་སྲུང་གི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ སྒང་ཟུར་རྒེད་འོག་བདག་སྐྱོང་གིས་ གྱོན་ཆས་ཀྱི་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ དུས་ཅི་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ དངོས་གསལ་གློག་བརྙན་ཅིག་ཡང་ བཟོ་ཡོདཔ་ཨིན་པས།
རྫོང་ཁག་ལམ་སྲོལ་འགོ་དཔོན་ ཀརྨ་བཟང་མོ་གིས་ སླབ་མིའི་ནང་ གནས་པའི་ཕྱྭ་དེ་ གཞན་དང་མ་འདྲཝ་སྦེ་ཡོདཔ་ལས་ ཉམས་སྲུང་འབད་ཐབས་ལུ་ ག་དེ་དྲག་དྲག་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།

ཕོ་སྐྱེས་༢ དང་ཨམ་སྲུ་༢ ཀྱིས་ གྱོན་ཆས་མ་འདྲཝ་གྱོན་ཏེ་ ཁྲུས་གསོལ་འབད་བའི་ཚུལ་ མེ་ལོང་སྨོན་གསོལ་བཏང་པའི་བསྒང་།

ཕྱྭ་གི་ཁྱད་ཆོས་མ་འདྲཝ།
གནས་ཀྱི་ཕྱྭ་ གཞན་ལས་ཁྱད་དུ་འཕགས་ཚུལ་དེ་ཡང་ ཁྱབ་བདག་གི་རིགས་ ཨུམ་པ་ཟེར་ རཝ་འཕུ་མི་དང་ ཕྱྭ་མི་ཟེར་ བོན་གྱི་དཔེ་ཆ་ལྷག་མི་ ཕྱྭ་ཡངས་པ་ཟེར་ མདའ་གཞུ་འབག་སྟེ་ ལམ་སེལ་མི་ བོ་རོསི་དཔོན་ཟེར་མི་ ལེའུ་བསྒྱུར་མི་འགོ་ཁྲིདཔ་ དེ་ལས་ གཙོ་ལག་པ་ཟེར་ གཉེརཔ་ཚུ་གིས་ ཁོད་སྟོད་ལུ་ སྣམ་བུ་དམརཔོ་དང་ ཁོད་སྨད་ལུ་ སྣམ་བུ་དཀརཔོ་ མགུ་ཏོ་ཁར་ རས་དཀར་པོའི་གདུགས་བཙུགས་ དེ་ལས་ ལྷའི་བུ་དང་ལྷའི་ལྕམ་ཟེར་མི་ ཞབས་ཁྲ་རྐྱབ་མི་ ཕོ་སྐྱེས་དང་ ཨམ་སྲུ་ཚུ་གིས་ རང་ལུགས་ཀྱི་ གྱོན་ཆས་ཐགས་འཐགཔ་ཚུ་ གྱོན་ཐོག་ལས་ བརྩི་སྲུང་འབདཝ་ཨིན་པས།
བོན་ལྷ་མཆོད་ནིའི་དོན་ལུ་ གྲ་སྒྲིག་འབདཝ་ད་ དུས་ཡུན་ཟླཝ་སྦེ་ འགོར་དོ་ཡོད་རུང་ ལས་རིམ་གཙོ་བོ་དེ་ ཉིནམ་༣ ནང་ མཇུག་བསྡུཝ་ཨིན་པས།
དེ་ཡང་ འགོ་དང་པ་ ཟླཝ་༧ པའི་ཚེས་༡ ལུ་ ཕྱྭ་གི་དུས་ཚོད་རན་པའི་ བརྡ་མཚོན་ལུ་ ཨུམ་པ་(རཝ་འཕུ་མི)གིས་ དང་ཕུ་ལས་ཡོད་མི་ དངུལ་ཅན་གྱི་ མ་ཧེ་རཝ་འཕུ་ གྲོང་མི་ཚུ་གིས་ འཁན་པ་ཤིང་གི་ བསངས་བཏང་ཐོག་ལས་ ཆང་བཙོ་ནི་ འགོ་བཙུགསཔ་ཨིན་པས།
ཀུར་སྟོད་པའི་ཁ་ནང་ ཆང་དེ་ ཁྲི་གདུགས་ཉི་མ་བཞིན་དུ་ཤར་ཟི་ཤོག་ཟེར་ ཆང་ལེགས་བཅུག་ཅི་ཟེར་ སྨོན་ལམ་བཏབ་སྟེ་ ལྷ་ལུ་ངོ་བོ་ངོ་ཆང་ཟེར་ ཆང་ཕུད་དེ་ ལ་ལོ་གིས་ ཧོད་ཅིག་ནང་ བཏོན་བཞགཔ་ཨིན་པས།
ད་རུང་ རཝ་དེ་ ཕྱྭ་གི་སྦོ་ལོགས་ཁར་ ལྟེབ་སུ་ལྟེབ་སུ་ འོང་དོ་ཟེར་བའི་རྟགས་མཚན་ལུ་ རང་ཟླ་༧ པའི་ཚེས་༨ དང་༡༥ དེ་ལས་ མཇུག་ར་ཚེས་༢༠ ལུ་ འཕུ་བའི་ཤུལ་ལས་ མཇུག་མ་བསྡུཝ་ཚུན་ དྲོ་པ་ཨ་རྟག་ར་ ཁྲུས་གསོལ་འབད་ཞིནམ་ལས་ གནས་ཕྱུགཔོ་ཟེར་མི་ གནས་གཡུས་ཚན་ནང་ ཐོག་ཚད་༤ འབད་མི་ སྣག་ཚང་ནང་ གཙང་ཏོག་ཏོ་སྦེ་ བཞག་དོ་ཡོདཔ་ཨིན་པས།
ཕྱྭ་དོག་ས་འམ་རྟིང་དཀར་སྤང་ཟེར་སར་ གཡུས་ཚན་གྱི་ལྟག་ལུ་ ཐང་སྦོམ་ཅིག་ནང་ ཙན་དན་ཤིང་ཚུ་ཡོད་སར་ གཡུས་མི་ཚུ་ འཛོམས་ཞིནམ་ལས་ ཚེམ་མཁར་ཟེར་ ལྷའི་ཕོ་བྲང་དང་ ཀཝ་༩ དང་ རྐང་ཚད་༢༢ འབད་མི་ ཤིང་དུམ་ཆུང་ཀུ་ཚུ་ ལྷ་བྱོན་ནིའི་ ཟམ་པ་བཟོ་སྟེ་ གྲ་སྒྲིག་འབདཝ་ཨིན་པས།

གཡུས་མི་ཚུ་གིས་ རང་ལུགས་ཀྱི་ བོན་ལྷ་ གསོལ་བའི་བསྒང་།

ཕྱྭ་གསོལ་ཐངས།
ཕྱྭ་གི་ཉིནམ་དང་པ་དེ་ རང་ཟླ་༨ པའི་ཚེས་༡༡ ལས་ འགོ་བཙུགས་དོ་ཡོདཔ་ད་ ཚེས་༡༠ ལུ་ ལྷ་འགོ་དང་པ་ ཁོ་ལུ་ ཆགས་ནི་དེ་གིས་ མི་ག་དང་གཅིག་ཁར་ཡང་ སླ་བསྲེས་མ་བཏུབ་མི་ ཕྱྭ་ཡངས་པ་གིས་ ལག་པར་མདའ་གཞུ་འབག་སྟེ་ རྟིང་དཀར་སྤང་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ ས་གནས་ལུ་ རི་ཁར་ རི་གསུམ་རྩེའམ་ རྟ་ཁུ་རུ་ དེ་ལས་ ཚེ་ཞུ་ས་ཟེར་སར་ དང་ཕུའི་ལམ་བདའ་སྟེ་ ལམ་སེལཝ་ཨིན་པས།
ཚེས་༡༡ ལུ་ ཉིནམ་དང་པའི་ནང་ ཕྱྭ་མི་དེ་གིས་ དྲོ་པ་ཧ་སག་ལོང་ཞིནམ་ལས་ གཞུ་དེ་ འཁརཝ་བཙུགས་ཏེ་ བོན་གྱི་དཔེ་ཆ་ནང་ལས་ ལྕགས་རབས་རྡོ་རབས་༢ ལྷག་ཞིནམ་ལས་ གནམ་ནངསམ་ད་ ཕྱྭ་མི་ཁོ་ར་གིས་ ཕྱྭ་ཟེར་ཞབས་ཁྲ་ལེའུ་༤ དང་༥ དེ་ཅིག་ བཏང་ཚརཝ་ད་ ཨུམ་པ་གིས་ རཝ་དེ་འཕུ་བའི་སྐབས་ ལྷའི་བུ་དང་ལྷའི་ལྕམ་ཟེར་མི་ ཞབས་ཁྲ་རྐྱབ་མི་ཚུ་གིས་ སྣག་ཚང་གི་ རྡོ་གཅལ་ནང་ ཐོན་ཞིནམ་ལས་ ལེའུ་བསྒྱུར་ཏེ་ ཞབས་ཁྲ་རྐྱབ་ནི་ འགོ་བཙུགསཔ་མས།
ཕྱྭ་ལེའུ་༡ བཏང་ཚརཝ་ད་ ཧ་ལམ་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ ལང་པའི་ཤུལ་ལས་ ཨའུ་ཁ་བཟང་ཟེར་ གདོང་ཤ་བ་གཡུས་ཚན་བལྟ་སྟེ་ ནུམོ་གིས་ ཨ་ཞེམོ་ལུ་ ཁ་བཟང་འབད་བའི་ཚུལ་ ཕར་གྱི་རི་ནི་ལྕགས་ཀྱི་རི། །ཚུར་གྱི་རི་ནི་གསེར་གྱི་རི། །བར་དུ་ལྕགས་ཀྱི་འཁོར་ལོ་ན། །ཟེར་ཚིག་རྗོད་ཞིནམ་ལས་ ཡར་རྟིང་དཀར་སྤང་ལུ་ འགྱོཝ་ཨིན་པས།
དེ་གི་ཤུལ་ལས་ ད་རུང་ ཨའུ་ཁ་བཟང་ཚར་ཅིག་ བཏང་ཞིནམ་ལས་ ཕྱ་ཡངས་པ་གིས་འཁྱིད་དེ་ ཕྱྭ་མི་དང་ ཨུམ་པ་ བོ་རིསི་དཔོན་ གཙོ་ལག་པ་ དེ་ལས་ རྟ་དང་བ་ཞུ་མི་ལ་སོགས་པ་ཚུ་ ཚེ་ཞུ་ས་ལུ་ སོང་ཞིནམ་ལས་ ཚེ་ཡང་མི་འགྱུར་བརྟན་པའི་ཚེ་ཞུ་ཡི། །ཁ་བའི་ཚེ་ལུ་དགུན་ངོ་གཅིག། །ཁ་བ་དགུན་ངོ་ཡོད་ལ་དབྱར་ངོ་མེད། །སྐུ་ཚེ་བྲག་བ་བརྟན་པའི་ཚེ་ཞུ་ཡི། །ཟེར་ མེ་ཏོག་དང་ ཆུ་ རྩྭའི་ཟིལ་པ་ཚུ་ལུ་ དཔེ་དང་དཔེ་རྒྱན་ཐོག་ལས་ གདངས་འཐེན་ཐོག་ ལེའུ་བསྒྱུར་ཏེ་ མི་༢ ཀྱིས་ རྟ་དང་བ་གི་ཚུལ་སྦེ་ ཤིང་དུམ་༢ གུ་ ཐགཔ་བཏགས་ཞིནམ་ལས་ རྟ་གི་མིང་ལུ་ བཀྲ་ཤིས་རྒྱ་མོ་དང་ ཚེ་རིང་རྒྱ་མོ་ དེ་ལས་ བ་རྒྱ་ཚམ་གྱི་མིང་ གསེར་རྒྱན་དང་ དངུལ་རྒྱན་བཏགས་ཐོག་ལས་ འཐེན་འབག་སྟེ་ སྣག་ཚང་ནང་ འོངམ་ཨིན་པས།
དེ་ལས་ རྡོ་གཅལ་ནང་ ཀ་ལ་རྫམ་ཅིག་ནང་ རྟ་ལུ་ཆག་དང་ བ་ལུ་སྦངམ་བླུགས་བྱིན་ཞིནམ་ལས་ ཁོང་༢ ལས་༡ གིས་ རཝ་གིས་བརྡུང་ གཞན་དེ་གིས་ རྡོག་ཐལ་རྐྱབ་སྟེ་ གཡང་ཞུ་བའི་ཚུལ་དེ་ མཇུག་བསྡུ་བའི་ཤུལ་ལུ་ ཁོང་༢ ལོག་སྟེ་ ལམ་ཁར་འགྱོཝ་ཨིན་པས།
དེ་ནང་ བོད་པ་ཟེར་ ཨ་ལོ་༢ ལས་༡ གིས་ གནས་གཡུས་ཚན་ཕར་ཁར་ཡོད་མི་ ཕག་གཟིག་རིགས་སྤྱིད་བཀོག་ནི། ཨ་ལོ་གཞན་གྱིས་ སྦས་ཡུལ་འཁན་པ་ལྗོངས་ཀྱི་ ཉེ་འདབས་ལུ་ཡོད་མི་ བཞུགས་ཁྲི་སྒང་དེ་ སྤྱིད་བཀོག་ནི་ཟེར་ འུར་སྐད་རྐྱབ་སྟེ་ སྐེད་བཤེད་འཛིང་ཚར་བའི་ཤུལ་ལས་ ཕང་བཤགས་ཟེར་ སྐུདཔ་རྩེ་༣ ཡོད་མི་མདའ་དེ་ འབའ་བཟོ་ཞིནམ་ལས་མདའ་རྐྱབ་ དེ་གི་ཤུལས་ར་ འབྲུག་གསུམ་པ་ལུ་ ཕུག་ལུ་བཙན་དང་ མདའ་ལུ་བདུད་ དེ་ལས་ གཡུས་ཁར་ རྗེ་གོང་དང་ཕྱད་བཅུག་ཅི་ཟེར་བའི་ ངན་ཚིག་ཚུ་ ལག་པར་མེ་ཏོག་རེ་རེ་ འབག་ཞིནམ་ལས་ ལེའུ་དང་བཅསཔ་སྦེ་ བཏངམ་ཨིན་པས།
འབྲུག་གསུམ་པ་ལུ་ ངན་ཚིག་བཏང་དགོ་མི་དེ་ཡང་ ཕྱྭ་གི་ལེའུ་དང་གདངས་ཀྱི་སློབ་སྟོན་ཡང་འབད་མི་ གཞི་རྟེན་ཤེས་ཡོན་སློབ་སྟོན་པ་བགྲེསཔ་ སྐྱེས་ལོ་༥༩ ལང་མི་ ཕུན་ཚོགས་རབ་བརྟན་གྱིས་ སླབ་མིའི་ནང་ ད་ལྟོ་མཚོ་གླིང་གཡུས་ཁར་འགྱོ་སའི་ ཉེ་འདབས་ལུ་ ཁྲལཔ་ཕྱུགཔོ་ཅིག་ སྡོད་མི་དེ་གིས་ ཚར་ཅིག་འབདཝ་ད་ གནས་ཀྱི་ཕྱུགཔོ་ལུ་ བསྡུ་བླངས་བྱིན་མ་བཏུབ་པའི་ཁར་ བསྡུ་མི་བྲེ་དེ་ཡང་ བཅགས་བཏང་མི་དེ་ ད་ལྟོ་ རྡོ་ལུ་གྱུར་ཏེ་ ཐིམ་ཡུལ་ལུ་ མཐོང་ནི་ཡོད་ཟེར་ཨིན་པས།
ངན་ཚིག་ལུ་བརྟེན་ འབྲུག་གསུམ་པ་ལུ་ མི་དང་རྟ་ནོར་ལོངས་སྤྱོད་ལུ་ གནོད་པའི་ཤུལ་ལས་ ས་གནས་དེ་ཁ་ལས་ སྤོ་འགྱོ་བའི་ ལོ་རྒྱུས་འདུག།
དེ་ལས་ རྟིང་དཀར་སྤང་ལུ་ ཙན་དན་ཤིང་གི་རྩ་བར་ མ་ལྷོདཔ་ཅིག་ཁར་ སྙིང་གི་ཨ་མ་ཟེར་ ལྷ་ཞུ་བའི་ཚིག་བཅད་༢ ཡོད་མི་ བརྒྱ་ཚར་བཏང་ འབྲུག་དང་ བོད་ལུ་ ལ་དང་ཆུ་ཆེན་ཡོད་རེ་ཡོད་ཚད་ཀྱི་མིང་བཏོན་ ལྟོ་ཕུད་ཡོངས་རྫོགས་བཏང་ དེ་གི་ཤུལ་ལས་ ཤིང་ལྦཝ་གུ་ མདའ་རྐྱབ་སྟེ་ ཕགཔ་བསད་པའི་ཚུལ་དེ་ མཇུག་བསྡུ་ཞིནམ་ལས་ ཐགཔ་གིས་བསྡམས་མི་ལྦཝ་ འཐེན་འབག་སྟེ་ སྣག་ཚང་ནང་ འགྱོཝ་ཨིན་པས།
སྣག་ཚང་ལུ་ འབོ་མ་ཟེར་ གཡུས་ཆུམ་གྱི་འཛརཝ་དེ་ཕུད་གཏོར་
ཕྱྭ་རྐྱབ་མི་ཚུ་ སྣམ་བུ་དཀར་པོ་གདན་སྦེ་ འཐིང་ཞིནམ་ལས་ བཀྲ་ཤིས་ཕབ་སྟེ་ མཇུག་བསྡུ་དོ་ཡོདཔ་ད་ བཀྲ་ཤིས་ཀྱི་ཚིག་ཡང་ འགོ་བཙུགསཔ་ད་ སངས་རྒྱས་ཤཱཀྱ་ཐུབ་པ་དང་ སངས་རྒྱས་ཀྱི་ ཡབ་ཡུམ་གྱི་མཚན་དང་སྦྲགས་ སྤྱིར་བཏང་གི་ བཀྲ་ཤིས་ཕབ་ཐངས་བཟུམ་ཡོད་རུང་ མཇུག་ལུ་ ཞྭང་ཞྭོང་ཡུལ་ལས་བོན་འབྱུང་ཚེ། ། ཞྭང་ཞྭོང་བོན་ལ་མཁས་པའི་བཀྲ་ཤིས་ཤོག ། ཟེར་མི་དེ་ མ་འདྲཝ་སྦེ་འདུག།
དེ་ལས་ ཉིནམ་༢ པ་དང་༣ པའི་ནང་ དྲོ་པ་ཁྱབ་བདག་གི་རིགས་དང་ གཡུས་མི་ཚུ་ འཛོམས་ཞིནམ་ལས་ རྡོ་གཅལ་ནང་ འབོ་མ་ཁ་འབུར་ཟེར་ མི་ཚུ་གིས་ འབོ་མ་ཚུ་ གཅིག་གིས་གཅིག་ལུ་ ཁ་ལས་མགུ་ཏོ་ཚུན་ དབུར་བྱིན་ཞིནམ་ལས་ སྣག་ཚང་གི་ལྟག་ལུ་ ལྷ་ལྕམ་སྒྲིག་ས་ཟེར་སར་ ཆ་མཉམ་གྱལ་སྒྲིག་ཞིནམ་ལས་ དེ་ཁ་ལས་ ཐང་ཅིག་ཡོད་པའི་ ས་གནས་ཝ་ཁ་སྤང་ཟེར་སར་ ནུབ་ཕྱོགས་གླིང་ཟེར་ ཆང་བཀང་ཞིནམ་ལས་ ཕུད་རྒྱས་པར་གཏོར་ གོ་ལ་མ་འདྲཝ་གྱོན་མི་ ཕྱྭ་གི་ལེའུ་བསྒྱུརཝ་མ་ཚད་ ཕོ་སྐྱེས་༢ དང་ཨམ་སྲུ་༢ ཀྱིས་ ཁྲུས་གསོལ་འབད་བའི་ཚུལ་ མེ་ལོང་སྨོན་གསོལ་བཏང་ཞིནམ་ལས་ རྟིང་དཀར་སྤང་ལུ་འགྱོ་ནི་འདུག།
དེ་ལས་ རྟིང་དཀར་སྤང་ལུ་ རྒྱལ་བ་རིགས་ལྔའི་མཚན་དང་བཅསཔ་སྦེ་ ལེའུ་དང་སྦྲགས་ ཆང་ཕུད་གཏོར་བའི་ཤུལ་ལུ་ ཉི་ལྟོ་ཟཝ་ད་ ཇ་དང་ཆང་ ལྟོ་བཅིངས་འབག་འོང་མི་ཚུ་ རང་སོའི་བཟའ་ཚང་དང་ ངོ་ཤེས་འདྲིས་ཤེས་ཚུ་དང་ བགོ་བཤའ་རྐྱབ་སྟེ་ ཟཝ་ཨིན་པས།
དེ་གི་ཤུལ་ལས་ བཅའ་མར་གཏོགས་མི་ཚུ་གིས་ ཐང་སྦོམ་སྐོར་ར་༢ དང་༣ དེ་ཅིག་རྐྱབ་སྟེ་ ཕྱྭ་གི་ལེའུ་བསྒྱུར་ཞིནམ་ལས་ མཇུག་བསྡུཝ་ཨིན་པས།
ཉིནམ་༢ པའི་ནང་ ཧེ་མ་ ལྷ་ལུ་ངོ་བོ་ངོ་ཆང་གི་ ཕུད་བསྡུ་ཞིནམ་ལས་བཟོ་མི་ ཆང་དེ་ མི་མང་ལུ་ བྱིན་ནི་འདུག།
གནས་ལུ་ཕྱྭ་གི་རྒྱབ་ཁུངས།
ལོ་རྒྱུས་དང་འཁྲིལཝ་ད་ གནས་ལུ་ཕྱྭ་རྐྱབ་དགོ་པའི་ རྒྱབ་ཁུངས་དེ་ཡང་ དང་ཕུ་ ལྷ་ཚངས་པའི་སྲས་མོ་༢ ཀུར་སྟོད་ཤ་བ་དང་ གནས་༢ ནང་ གཞིས་ཆགས་ནིའི་དོན་ལུ་ འབྱ་འཚོ་ས་ དཔལ་ཐང་སྦེ་ ཆུ་ཞིང་ཙང་ཙ་ཡོད་མི་ གནས་གཡུས་ཚན་དང་ ས་གཟར་དྲགས་ ས་རོ་རྡོ་རོ་སྦེ་ཡོད་མི་ ཤ་བ་གཡུས་ཚན་༢ ལས་ གནས་གདམ་ཁ་རྐྱབ་ནིའི་དོན་ལུ་ མ་འགྲིགས་པར་ ཉིནམ་དེ་གི་ནངས་པར་ ཉིམ་ཤརཝ་ད་ ལ་འགོ་དང་པ་ ཉིམ་ཕོག་མི་དེ་གིས་ གནས་ལུ་འགྱོ་ནིའི་ ཁ་ཚིག་བཞག་ཡོདཔ་བཞིན་དུ་ ནངས་པ་དྲོ་པར་ ཨ་ཞེམོ་གིས་ ཁ་ནང་ཆུམ་བཙུགས་ཏེ་ དུང་དཀར་གཡུས་ཚན་གྱི་ལྟག་ལུ་ཡོད་མི་ རི་ལུ་བལྟ་སྡོད་ཡོདཔ་ད་ ནུམོ་གིས་ ཁ་ནང་ གེ་ཟའི་ཕྱེ་བཙུགས་ཞིནམ་ལས་ གདོང་ཀུན་བྱེད་རི་ཟེར་ གནས་གཡུས་ཚན་གྱི་ ལྟག་ལུ་ཡོད་མི་ ལ་ལུ་བལྟ་སྡོད་པའི་སྐབས་ དྲོ་པར་ ཉི་མའི་འོད་ཟེར་ ལ་དེ་གི་རྩེ་ལས་ ཤར་ནི་དེ་གིས་ བདེན་པ་ནུམོ་གིས་ ཐོབ་ནུག་ཟེར་ཨིན་པས།
ཁ་ཚིག་དང་འཁྲིལ་ཏེ་ ནུམོ་དེ་ གནས་ལུ་དང་ ཨ་ཞེམོ་དེ་ ཤ་བ་གཡུས་ཚན་ནང་ གཞིས་ཆགས་ནུག་ཟེར་ཨིན་པས།
དུས་སྟོན་བརྩི་སྲུང་སྐབས་ ནུམོ་གི་ཁ་ནང་ ཕྱེ་ཡོད་པའི་ཚུལ་སྦེ་ ཞབས་ཁྲའི་ཚིག་འགོ་བཙུགསཔ་ད་ ཨུ་སྐད་ལྷ་པ་ལས་ འཐེན་ཞིནམ་ལས་ སྤུན་ཆ་༢ ཁ་བྱལ་བའི་སྐབས་ ནུམོ་གིས་ ཨ་ཞེམོ་ལུ་ ལེགས་ཤོམ་སྦེ་སྡོད་ཟེར་བའི་ བརྡ་མཚོན་ལུ་ ཨའུ་ཁ་བཟང་ཟེར་ ལོག་ཅི་ལོག་ཅི་ར་ ཚར་དག་པ་ཅིག་འབད་དོ་ཡོདཔ་ཨིན་པས།
ཕྱྭ་གི་དུས་ཚོད་ནང་ རང་ཟླ་༨ པའི་ཚེས་༨ ལས་༡༣ ཚུན་ གྲོང་མི་ཚུ་གིས་ ཞིང་ལཱ་དང་ དེ་གི་ནང་ལས་ཡང་ ཚོད་བསྲེ་སྣ་གཅིག་ར་ བཏོག་མ་ཆོག་པའི་ཁར་ རང་གི་མཆོད་བཤམ་དང་ གཡུས་སྒོའི་ལྷ་ཁང་ནང་ ཕྱག་མཆོད་ག་ནི་ཡང་ ཕུལ་མ་ཆོགཔ་མ་ཚད་ ཆོས་ཚིག་ ཐ་ན་ མ་ཎི་དང་བཛྲ་གུ་རུ་ཚིག་གཅིག་ཡང་ བགྱང་མི་ཆོག་པས།
ཁྱབ་བདག་གི་རིགས་ཚུ་ སྔར་སྲོལ་དང་འཁྲིལ་ སྣག་ཚང་གིས་ འཚོལ་དགོ་པའི་ཁར་ བཞེས་སྒོའི་རིགས་ ལས་རིམ་མཇུག་མ་བསྡུ་ཚུན་ སྣག་ཚང་ལས་ ཐོབ་མི་དེ་ཡང་ གནས་ཀྱི་མི་མང་ཤོས་ཅིག་ ཧེ་མ་ ཡོངས་གྲགས་ལུ་ གནས་ཕྱུག་པོ་ཟེར་མིའི་འོག་ལུ་ ཟ་པ་སྦེ་ སྡོད་ནི་དེ་གིས་ཨིན་པས།
གཡུས་མི་ཚུ་གིས་ བཤད་མིའི་ནང་ ཕྱྭ་གི་དུས་ཚོད་ལུ་ ལྷ་དངོས་སུ་བྱོན་དོ་ཡོདཔ་ལས་ རང་སོའི་ཁྱིམ་ནང་ འཁན་པ་ཤིང་གི་ བསངས་བཏང་ཞིནམ་ལས་ འབྲུ་སྣ་དང་ གོན་ཅུང་ གེ་ཟ་ ཤིང་འབྲས་ཚུ་ མ་བཀག་པར་ ཧྲིལ་བུ་སྦེ་ ལྷ་ལུ་ཚོགས་ཕུལ་ཏེ་ སྨོན་ལམ་བཏབ་མི་ལུ་བརྟེན་ ལོ་ཐོག་གི་ ཞིང་མ་བསྲུང་རུང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ནི་མེད་ཟེར་ཨིན་པས།
དེ་ལས་ མ་ཧེ་གི་རཝ་དང་ བོན་གྱི་དཔེ་ཆ་༢ ཡང་ སྣག་ཚང་གི་ཕྱི་ཁར་ ག་ཏེ་ཡང་ འབག་མ་བཏུབ་ཨིན་པས།
ཕྱྭ་དེ་ ནམ་ལས་འགོ་བཙུགས་ཡོདཔ་ཨིན་ན་ ཤེས་མི་མེད་རུང་ རྒན་ཤོས་ཚུ་གིས་འབད་བ་ཅིན་ ལམ་སྲོལ་དེ་ དང་ཕུ་ལས་ར་ ཡོངས་གྲགས་འདུག་ཟེར་ཨིནམ་ད་ ཕྱྭ་དེ་ཡང་ གནས་ཀྱི་མི་སེར་ཚུ་ལུ་ ལོ་གསར་དང་ ཚེས་བཅུའི་དུས་སྟོན་ཅིག་ཨིནམ་ལས་ དེ་བསྒང་ མི་ཚུ་གིས་ བཀབ་གོ་ལ་ཚུ་ གཟབ་སྤྲོད་རྡིག་སྟེ་ བཟའ་ཚང་ཚུ་དང་ སྤྲོ་སྟོན་པའི་ དུས་ཚོད་ཅིག་ཡང་ཨིན་པས།
གནས་པའི་ཕྱྭ་དེ་ ཐིམ་ཕུག་ལུ་ མི་དབང་མངའ་བདག་རྒྱལ་པོ་མཆོག་ གསེར་ཁྲི་མངའ་གསོལ་མཛད་པའི་ དགའ་སྟོན་དང་ མི་དབང་རྒྱལ་སྲས་ སྐུ་འཁྲུངས་པའི་ དུས་སྟོན་སྐབས་ མི་མང་ལུ་ སྤྱན་འབུལ་ཞུ་ཡོདཔ་ད་ ད་རེས་ ཨེ་ཤི་ཡ་པེ་སི་ཕིག་དངོས་མེད་ལམ་སྲོལ་གྱི་ གནས་སྡུད་གཞི་མཛོད་ནང་ཡང་ ཚུད་དེ་ཡོདཔ་ཨིན་པས།
ཕྱྭ་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལས་༡༣ ཚུན་ ལོ་༢ ཀྱི་བར་ན་ཚར་རེ་བརྩི་སྲོལ་ཡོདཔ་ད་ དེ་བསྒང་ ཤ་བ་གཡུས་ཚན་ནང་ཡང་ ཕྱྭ་བརྩིཝ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། གནས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེ་གསརཔ་༡༧ ལུ་ ཐོ་བཀོད་གྲུབ་པའི་ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *