ལྟ་བཤལཔ་ཚུ་གིས་ བཞོན་རྟའི་ཞབས་ཏོག་ལེན་ཐོག་ལས་ སྟག་ཚང་མཇལ་བར་ འགྱོ་བའི་བསྒང་།

གནས་ཆེན་སྟག་ཚང་ལུ་བརྟེན་ བཞོན་རྟའི་ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་ འདུ་འཛི་ཅན་སྦེ་བཞག་ཡོདཔ།

༉ སྤ་རོ་སྟག་ཚང་དེ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་གནང་བའི་ གནས་རྩ་ཅན་ཅིག་འབདཝ་ལས་ འབྲུག་མི་རྐྱངམ་གཅིག་གིས་མ་དོ་བར་ ཕྱི་རྒྱལ་གྱི་ མི་ཚུ་གིས་ཡང་ སྟག་ཚང་ལྷ་ཁང་ མཇལ་བར་འགྱོ་ནི་གི་ གདམ་ཁ་རྐྱབ་བཞིན་དུ་ ད་རེས་ནངས་པས་ ཡོངས་གྲགས་ཅན་གྱི་ ལྟ་བཤལ་པའི་ ས་ཁོངས་ཅིག་ལུ་གྱུར་ནུག།
དེ་ཡང་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལས་ ས་གནས་ཀྱི་མི་དང་ ལྟ་བཤལཔ་བརྒྱ་ལས་བཅད་དེ་ གྱེན་རྩ་བའི་ས་ཁོངས་ རམ་ཐང་ཀ་ལུ་ སྤུངས་འཛོམས་འབདཝ་བཞིན་དུ་ དེ་ནང་ ཚོང་པ་དང་ རྟའི་ཇོ་བདག་ རྟ་ དེ་ལས་ ལྟ་བཤལཔ་དང་ ལམ་སྟོན་པ་ལེ་ཤ་མཐོང་གསལ་བྱུངམ་ཨིན་པས།
ས་གནས་ཀྱི་ མི་ཚུ་གི་དོན་ལུ་ ཚོང་འབྲེལ་གྱི་ གོ་སྐབས་ཅིག་ཨིན་མི་དེ་ཡང་ རམ་ཐང་ཀ་ལུ་ མི་ཚུ་གིས་ འཁརཝ་དང་ལག་བཟོ་ རྒྱན་ཆ་ དེ་ལས་ དྲན་རྟེན་ཅ་ཆས་ཚུ་ བཙོང་དོ་ཡོདཔ་ཨིན་རུང་ བཟའ་ཆས་ཀྱི་རིགས་ཚུ་ ཚོང་འབྲེལ་ལེགས་ཤོམ་ འཐབ་ཚུགས་དོ་ཡོདཔ་ཨིན་པས།
སྟག་ཚང་མཇལ་བར་འགྱོཝ་ད་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ གྱེན་ལམ་བདའ་སྟེ་ ལམ་འགྱོ་དགོཔ་ལས་ ཕྱི་རྒྱལ་ལས་འོང་མི་ ལྟ་བཤལཔ་ཚུ་ལུ་ གྱེན་འཛེགས་ནི་དེ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་རུང་ བཞོན་རྟའི་ཞབས་ཏོག་མཁོ་སྤྲོད་འབད་མི་ཡང་ཡོདཔ་ཨིན་པས།
དེ་ཡང་ ཕོ་སྐྱེས་དང་ ཨམ་སྲུ་སྡེ་ཚན་ཚུ་གིས་ བཞོན་རྟའི་ཞབས་ཏོག་ཚུ་ བྱིན་ཐོག་ལས་ བཞོན་རྟའི་ལམ་ལུགས་ཚུ་ མ་ཉམས་པར་ བཞག་དོ་ཡོདཔ་ད་ དེ་ཚུ་གི་གྲས་ལས་༡ སྤ་རོ་བཙན་ཏོག་-ཤ་རི་ལས་ ཨམ་ཀུན་འཛོམས་ཀྱིས་ དུས་རྒྱུན་དུ་ ལྟ་བཤལཔ་ཚུ་ལུ་ བཞོན་རྟའི་ཞབས་ཏོག་ཚུ་ བྱིནམ་ཨིན་པས།
མོ་གིས་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལས་ བཞོན་རྟའི་ཞབས་ཏོག་བྱིན་པར་ ཁྱིམ་ནང་ལས་ཐོན་ཏེ་ རམ་ཐང་ཀ་ལུ་ འགྱོ་དོ་ཡོདཔ་ད་ བཞོན་རྟ་ཁག་འབག་མཐུན་ཚོགས་ནང་ འཐུས་མི་ཨམ་སྲུ་༡༠ ཡོད་མིའི་གྲས་ལས་༡ ཀུན་འཛོམས་ཨིན་པས།
བཞོན་རྟ་ཁག་འབག་མཐུན་ཚོགས་དེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ སྟག་ཚང་མཇལ་བར་འོང་མི་ ས་གནས་ཀྱི་མི་དང་ ལྟ་བཤལཔ་ཚུ་ བཞོན་རྟའི་ཞབས་ཏོག་ མཁོ་སྤྲོད་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་ལྟོ་ མཐུན་ཚོགས་ནང་ འཐུས་མི་༣༣ དང་ བཞོན་རྟ་༢༠༠ དེ་ཅིག་ཡོདཔ་ཨིན་པས།


ཀུན་འཛོམས་ཀྱི་དོན་ལུ་ བཞོན་རྟའི་ཞབས་ཏོག་བྱིན་མི་དེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ ཚོང་འབྲེལ་ཅིག་ལུ་ གྱུར་ཡོདཔ་ད་ སྤྱི་ཟླ་༩ པ་དང་༡༡ པའི་ནང་ ལྟ་བཤལཔ་ལེ་ཤ་འོང་ཡོདཔ་ལས་ བདུན་ཕྲག་༡ ནང་ རྟ་༣ གྱིས་ ཉིནམ་༦ དེ་ཅིག་ ཞབས་ཏོག་བྱིན་མི་དེ་གིས་ ཟླ་རིམ་བཞིན་དུ་ འོང་འབབ་དངུལ་ཀྲམ་༨༠,༠༠༠ དེ་ཅིག་ བཟོ་ཚུགས་ནུག།
མོ་གི་བཟའ་ཚང་ནང་ ཚོང་འབྲེལ་འཐབ་མི་ ཕོ་སྐྱེས་ཅིག་ཡང་མེདཔ་ལས་ མོ་ར་གིས་ར་ འབད་དགོ་དོ་ཡོདཔ་མ་ཚད་ བཟའ་ཚང་ནང་ འོང་འབབ་བཟོ་མི་ མོ་ར་རྐྱངམ་གཅིག་འབད་མི་ལུ་བརྟེན་ མོ་གིས་ བཞོན་རྟའི་ཞབས་ཏོག་བྱིན་ནི་དེ་ ལོ་༡ དེ་ཅིག་གི་ཧེ་མར་ འགོ་བཙུགས་ནུག།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཞོན་རྟ་ལས་ འོང་འབབ་བཟོ་མི་དེ་གིས་ ལྕང་ལཱ་རྐྱབ་ད་དང་ འབྱ་བསྡུ་བའི་སྐབས་ ལས་མི་ཚུ་ལུ་ གླ་ཆ་བྱིན་ནི་ལུ་ ཕན་ཐོགས་བྱུངམ་མས་ཟེར་ཨིནམ་ད་ མཐུན་ཚོགས་མ་བཟོ་བའི་ཧེ་མར་ ཉིནམ་༡ ནང་ ཞབས་ཏོག་ཚར་ལེ་ཤ་ བྱིན་ཚུགས་ནི་དེ་གིས་ འོང་འབབ་ཡང་ ལེགས་ཤོམ་བཟོ་ཚུགས་ཟེར་ཨིན་པས།
མཐུན་ཚོགས་ཀྱི་ ལམ་ལུགས་དང་འཁྲིལཝ་ད་ ཨང་གྲངས་དང་བསྟུན་ རྟའི་ཇོ་བདག་གམ་ རྟ་པ་༡ གིས་ ཉིནམ་༡ ནང་ ཞབས་ཏོག་ཚར་༡ རྐྱངམ་གཅིག་ མཁོ་སྤྲོད་འབད་ནི་དང་ ཁོང་དང་གཅིག་ཁར་ མཐོ་ཤོས་རྟ་༣ འཁྱིད་ཆོག་ནི་ཨིན་པས།
རྟའི་ཁག་འབགཔ་ཚུ་གིས་ རྟ་འཁྱིད་མི་དང་གཅིག་ཁར་ རྟ་༣ ཡོད་པ་ཅིན་ རྟ་རེ་ལུ་ གླ་འཐུས་དངུལ་ཀྲམ་༨༨༠ དེ་རེ་ སླབ་དོ་ཡོདཔ་ད་ གལ་སྲིད་ ལྟ་བཤལཔ་ཚུ་གིས་ རྟ་དང་གཅིག་ཁར་ རྟ་པ་ཡང་དགོཔ་སྦེ་ སླབ་པ་ཅིན་ འཐུས་དངུལ་ཀྲམ་༡,༡༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
མཐུན་ཚོགས་ཀྱི་འཐུས་མི་ ཀུན་བཟང་རྡོ་རྗེ་གིས་ བཞོན་རྟའི་ཞབས་ཏོག་བྱིན་ཏེ་ ལོ་༤ དེ་ཅིག་ ལང་ཡོདཔ་ད་ ཞབས་ཏོག་དེ་ མཁོ་སྤྲོད་འབད་ནིའི་དོན་ལུ་ དུས་ཚོད་ལེ་ཤ་འགོར་ནི་མེདཔ་མ་ཚད་ འོང་འབབ་ཚུ་ཡང་ ལག་པར་ཐོབ་ཚུགས་པས་ཟེར་ཨིནམ་ད་ སེམས་ཅན་ཚུ་ གསོ་སྐྱོང་འབད་ནི་ལུ་ གདོང་ལེན་ཚུ་ཡོདཔ་ལས་ ཟད་འགྲོ་དག་པ་ཅིག་ ཁོང་ར་གིས་ གཏང་དགོཔ་འཐོན་དོ་ཡོད་རུང་ ཞབས་ཏོག་དེ་གིས་ བཟའ་ཚང་ལུ་ ལང་ཚུགས་པའི་ འོང་འབབ་བཟོ་ཚུགས་དོ་ཡོདཔ་ལས་ རྒུད་མེད་ཟེར་ བཤདཔ་ཨིན་པས།
ཀུན་བཟང་རྡོ་རྗེ་བཟུམ་སྦེ་ སྤ་རོ་ལུ་སྡོད་མི་ མང་ཤོས་ཅིག་གིས་ ལྟ་བཤལཔ་ཚུ་ལུ་བརྟེན་ འོང་འབབ་བཟོ་དོ་ཡོདཔ་ད་ ཉིན་བསྟར་བཞིན་དུ་ སྟག་ཚང་མཇལ་མི་༡,༠༠༠ ལྷགཔ་རེ་ འོང་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *