མོ་བཏབ་ཀྱི་དོན་ལུ་ ལུག་བཀྲམ་སྤེལ་འབད་ཡོད་མི་ གནས་གཡུས་ཚན།

གནས་གཡུས་ཚན་ནང་ ལུག་གསོ་སྐྱོང་མོ་བཏབ་ལས་རིམ་ མཐར་འཁྱོལ་བྱུང་མ་ཚུགསཔ།

༉ ལྷུན་རྩེ་ སྒང་ཟུར་རྒེད་འོག་ནང་ མཐའ་ཟུར་ཅིག་ཨིན་མི་ གནས་སྤྱི་འོག་ནང་ མོ་བཏབ་ཀྱི་དོན་ལུ་ ལུག་གསོ་སྐྱོང་འཐབ་ནི་ འགོ་བཙུགས་མི་དེ་ མཐར་འཁྱོལ་འབྱུང་མ་ཚུགསཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པའི་ནང་ ཁྱིམ་གུང་པ་༡༢ ལུ་ ལུག་༨ རེ་འབདཝ་ད་ བསྡོམས་ལུག་༡༢༠ དེ་ཅིག་ བཀྲམ་སྤེལ་འབད་ཡོད་རུང་ ལུག་༡༠༠ དེ་ཅིག་ ཤི་སོཔ་ཨིན་པས།
ས་གནས་ཀྱི་མི་ཚུ་དང་འཁྲིལཝ་ད་ ལུག་ཚུ་ རྐངམ་དང་གཟུགས་ཁར་ རྨ་ཐོནམ་མ་ཚད་ མཆིན་ནད་ཐོབ་སྟེ་ ཤིཝ་མས་ཟེར་ཨིན་པས།
ཕྱུག་གུ་༡ བརྩིས་ཏེ་ ལུག་༩ ཡོད་ས་ལས་༧ ཤི་སོ་མི་ ལུག་གི་ཇོ་བདག་ བཀྲིས་རྒྱ་མཚོ་གིས་ སླབ་མིའི་ནང་ ལུག་ཚུ་ རྐངམ་དང་གཟུགས་ཁར་ རྨ་འཐོན་པའི་ཤུལ་ལས་ སྨན་བཅོས་འབད་རུང་ དྲག་མ་བཏུབ་པར་ ཤིཝ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གིས་ ལུག་གི་རྒྱབ་སྐྱོར་གནང་པའི་སྐབས་ ལུག་ལུ་བརྟེན་ འོང་འབབ་བཟོ་ཚུགས་ནི་མས་མནོ་སྟེ་ ལུག་གསོ་སྐྱོང་འཐབ་ཡོད་རུང་ སོ་ནམ་གྱི་ལཱ་ཚུ་དང་ཕྱདཔ་ད་ གདོང་ལེན་ཆེ་ནི་དེ་གིས་ བློ་སྟོབས་ཅིག་ མ་ཐོབ་ཟེར་ཨིན་པས།
གནས་ཚོགས་པ་ པདྨ་ཚེ་བརྟན་གྱིས་ སླབ་མིའི་ནང་ ལུག་༡༢༠ གི་གྲས་ལས་ ད་རེས་ གུང་པ་༥ གི་ ལུག་ལྷག་ལུས་༢༠ དེ་ཅིག་ལས་མེད་ཟེར་ཨིན་པས།
ལུག་འཁྱམས་སའི་དོན་ལུ་ ཐང་རྒྱ་སྦོམ་སྦེ་ གཙང་ཏོག་ཏོ་དགོ་རུང་ གཡུས་ཀྱི་སྦུག་ལུ་འབད་ནི་དེ་གིས་ ཆུ་ཞིང་ནང་གི་ རྩྭ་དྲི་ཆུ་དྲི་ལུ་བརྟེན་ མཆིནམ་མེདཔ་བཏང་ཡོདཔ་སྦེ་ སྒོ་ནོར་འགོ་དཔོན་ཚུ་གིས་ བརྟག་དཔྱད་འབད་བའི་སྐབས་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
ལྷུན་རྩེ་ རྫོང་ཁག་སྒོ་ནོར་ལས་རོགསཔ་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ ལུག་ཚུ་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནིའི་དོན་ལུ་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་ཇེཕི་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བུམ་ཐང་ལུག་གསོ་སྐྱོང་ལྟེ་བ་ལས་ བཀྲམ་སྤེལ་འབད་ཡོད་རུང་ འཁྱམས་སའི་ཚ་དྲོད་ཚུ་ བུམ་ཐང་དང་མ་འདྲ་ནི་དེ་གིས་ ཤི་དོ་ཡོདཔ་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལུག་ཚུ་ མི་རབས་དག་པ་ཅིག་གི་ཧེ་མར་ གཡུས་ཚན་དེ་ནང་ ལུག་གསོ་སྐྱོང་འཐབ་པའི་ལོ་རྒྱུས་གོ་བའི་ཤུལ་ལས་ འགོ་ཐོག་ གཞི་གསར་ལས་འགུལ་ས་ཁོངས་དང་ གཞི་རྙིངམ་༢ ཆ་ར་ནང་ལས་ དང་འདོད་ཅན་ཚུ་ལུ་ ལུག་གསོ་སྐྱོང་ལྟེ་བ་ལས་ འགོ་དཔོན་ཚུ་འོང་སྟེ་ འཛིན་སྐྱོང་གི་ སྦྱོང་བརྡར་བྱིན་ཞིནམ་ལས་ མོ་བཏབ་ཀྱི་དོན་ལུ་ བཀྲམ་སྤེལ་འབད་ཡོད་རུང་ གྲུབ་འབྲས་འཐོན་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ལུག་ཚུ་ ཇེཕི་ལས་འགུལ་གྱིས་ རྫོང་ཁག་ནང་ ལུག་གི་རྒྱབ་སྐྱོར་ཡོད་ལུགས་ཀྱི་སྐོར་ལས་ གོ་རྟོགས་བྱུང་བའི་ཤུལ་ལུ་ རྫོང་ཁག་གིས་ ད་རེས་ནངས་པར་ ལུག་གསོ་བཞིན་ཡོད་པའི་ མཁོ་མ་རྒེད་འོག་ གཙང་ངོ་དང་ མཁོ་མ་སྒང་༢ གྲོས་གཞི་བཙུགས་ཡོད་རུང་ ལས་འགུལ་གྱི་ ཁྱད་ཚད་དང་འཁྲིལཝ་ད་ རྒྱབ་སྐྱོར་འབད་སའི་གཡུས་ཚན་དེ་ ལས་འགུལ་གྱི་ཁྱབ་དབང་ལུ་ཡོད་པའི་ རྒྱ་རེད་དང་ སྨད་ཚོ་ སྒང་ཟུར་རྒེད་འོག་༣ ནང་ལས་ དགོ་ནི་དེ་གིས་ མོ་བཏབ་ཀྱི་དོན་ལུ་ གནས་གཡུས་ཚན་དེ་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།
གཙང་ངོ་ལུ་འབད་བ་ཅིན་ ད་རེས་ནངས་པར་ གུང་པ་༡༤ ཡོད་ས་ལས་༣ གྱིས་ ལུག་༦༠ དེ་ཅིག་ གསོ་སྐྱོང་འཐབ་དོ་ཡོདཔ་ད་ གནམ་བྱཱར་ལུ་ ལུག་ཚུ་ ས་ཁ་མཐོ་སར་བསྐྱལ་ཏེ་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
ཕུརཔ་ཚེ་རིང་གིས་ བཤད་མིའི་ནང་ གནས་གཡུས་ཚན་ནང་ མཐར་འཁྱོལ་མ་འབྱུང་རུང་ ལོ་༥ འི་འཆར་གཞི་༡༢ པའི་ནང་ ལ་ཁ་མཐོ་སར་སྡོད་མི་ཚུ་ལུ་ ལུག་གི་གྱངས་ཁ་ ཡར་སེང་འབད་ནིའི་འཆར་གཞི་ཡོདཔ་ལས་ འོས་འབབ་ཅན་གྱི་ གཙང་ངོ་དང་ མཁོ་མ་སྒང་གཡུས་ཚན་༢ ནང་ ལུག་བཀྲམ་སྤེལ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

 

ཚེ་རིང་རྣམ་རྒྱལ། ལྷུན་རྩེ།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *