གནམ་དགུན་གྱི་ ན་གཞོན་ཨོ་ལིམ་པིག་རྩེད་འགྲན་༢༠༢༤ ལྷོ་ཀོ་རི་ཡ་ལུ་ འགོ་འདྲེན་འཐབ་ནི།

༉ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༡༣༥ པའི་ནང་ གྲལ་བཞུགས་གནང་མི་འཐུས་མི་ཚུ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡༠ ལུ་ སུའི་ཛར་ལེནཌི་རྒྱལ་ཁབ་ཀྱི་ས་གནས་ ལའོ་ས་ནི་ལུ་སྦེ་ འགོ་འདྲེན་འཐབ་མི་ ཞལ་འཛོམས་ནང་ ཚོགས་པའི་འཐུས་མི་༧༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ མ་གཞི་ ཚོགས་པའི་འཐུས་མི་བསྡོམས་༩༨ ཡོདཔ་ཨིན་པས།
རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་ཆུང་གི་ཞལ་འཛོམས་དེ་ ཨོ་ལིམ་པིག་གིས་ གྲོས་ཐག་ཆོད་པའི་ ཚོགས་པ་སྦོམ་ཤོས་ཅིག་ཨིནམ་ད་ ད་རེས་ཀྱི་ཚོགས་རིམ་ལས་ ཇ་པཱན་ཨོ་ལིམ་པིག་ཚོགས་སྡེའི་གཙོ་འཛིན་དང་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་པའི་གཙོ་འཛིན་ དེ་ལས་ རྒྱལ་སྤྱི་ཊེ་ནིས་ཚོགས་པའི་གཙོ་འཛིན་ཚུ་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ འཐུས་མི་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༤ གི་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ གནམ་དགུན་གྱི་ ན་གཞོན་ཨོ་ལིམ་པིག་རྩེད་རིགས་འགྲན་བསྡུར་དེ་ ལྷོ་ཀོ་རི་ཡའི་ས་གནས་ གང་འཱོན་ལུ་ འགོ་འདྲེན་འཐབ་ནི་སྦེ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ ཡུན་བརྟན་དང་རྗེས་ཤུལ་ལྷན་ཚོགས་ཀྱི་ འཐུས་མི་སྦེ་ ཚོགས་སྡེའི་གཙོ་འཛིན་གྱིས་ བསྐོ་བཞག་གནང་ནུག།
མི་དབང་རྒྱལ་སྲས་མཆོག་ ལྷན་ཚོགས་ཀྱི་འཐུས་མི་༣༥ འི་གྲངས་སུ་ཨིནམ་ད་ འཐུས་མི་ཚུ་གི་ ཕྱག་འགན་ཚུ་ཡང་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ཞལ་འཛོམས་དང་ ཚོགས་སྡེའི་གཙོ་འཛིན་ བཀོད་ཚོགས་འཐུས་མི་ དེ་ལས་ ཡུན་བརྟན་དང་རྗེས་ཤུལ་ལྷན་ཚོགས་ལུ་ བསླབ་བྱ་བྱིན་ནི་ཚུ་ཨིན་པས།
དེ་བཟུམ་སྦེ་ མི་སྡེ་དང་ དཔལ་འབྱོར་ མཐའ་འཁོར་གནས་སྟངས་ལུ་ ཕན་ཐོགས་རྒྱ་ཆེཝ་དང་ ངེས་བརྟན་ བསྒྱུར་བཅོས་འོང་བཅུག་ནིའི་དོན་ལུ་ ལས་སྣ་ཚུ་ འགོ་འདྲེན་འཐབ་དགོཔ་ཨིན་པས།
མི་དབང་རྒྱལ་སྲས་མཆོག་གིས་ ཉིན་གྲངས་༦ གི་རིང་ སུའི་ཛར་ལེནཌི་ལུ་ བཞུགས་པའི་སྐབས་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེའི་ གཙོ་འཛིན་དང་ ཡོངས་ཁྱབ་མདོ་ཆེན་འོགམ་དང་ མཇལ་ཕྲད་གནང་སྟེ་ མ་འོངས་པའི་རྩེདམོ་དང་ འབྲུག་གིས་ ཊོ་ཀི་ཡོ་༢༠༢༠ ཨོ་ལིམ་པིག་དང་ པེ་ར་ལིམ་པིག་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ཐོབ་མི་དེ་ འགོ་དང་པ་ཨིན་པའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་སྦེ་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་གདོང་དེབ་ནང་ བཀོད་འདུག་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *