གདོང་བཟང་སྟེ་ སྐོར་སྲུང་འབད་མི་ཚུ་ལུ་ ཀོ་བིཌ་-༡༩ འཐོབ་ཉེན་ཡོདཔ།

༉ འདས་པའི་ཟླཝ་ནང་ དགེ་ལེགས་ཕུག་གི་ སྐོར་སྲུང་སྡེ་ཚན་ཅིག་གིས་ འབྲུག་མི་ཅིག་ ཚུལ་མིན་གྱི་སྒོ་ལས་ ས་མཚམས་བརྒལ་ཏེ་ སོང་པའི་ཤུལ་ལུ་ རྒྱལ་ཁབ་ནང་ ལོག་འོངམ་ད་ འཛིན་བཟུང་འབད་ནུག།

དོགས་ཅན་དེ་གིས་ བྱོག་འགྱོ་ནི་གི་ དཔའ་བཅམ་ཡོད་རུང་ སྐོར་སྲུངཔ་དང་ ཁྲིམས་སྲུང་འགག་སྡེའི་ སྡེ་ཚན་ལས་ བྱོག་ཐལ་མ་ཚུགས་པས།

དོགས་ཅན་ཕོ་སྐྱེས་དེ་ ཁྲིམས་སྲུང་འགག་པ་༢ ཀྱིས་ འཛིན་བཟུང་འབད་ཡོདཔ་ལས་ ཁོང་༢ ཡང་ དོགས་ཅན་དང་གཅིག་ཁར་ ཉིན་གྲངས་༢༡ གི་རིང་ ཟུར་བཞག་ལྟེ་བའི་ནང་ སྡོད་དགོཔ་བྱུང་ནུག།

ཟུར་བཞག་གི་ དུས་ཡུན་ཚངམ་ད་ ཁྲིམས་སྲུང་འགག་པ་༢ ལུ་ ནད་ཡམས་ཀོ་བིཌ་-༡༩ གི་ པི་སི་ཨར་བརྟག་དཔྱད་འབད་བའི་སྐབས་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོནམ་ལས་ བཏང་ཡོདཔ་ཨིན་པས།

མི་སྡེའི་ནང་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ རྩ་འགེངས་དོ་ཡོད་རུང་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་ ཐད་ཀར་དུ་ མི་ཚུ་དང་ འབྲེལ་བ་འཐབ་དགོཔ་ལས་ ཁོང་གིས་སྦེ་ མི་སྡེ་ནང་ ཀོ་བིཌ་-༡༩ སྤེལ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ མང་ཤོས་ཀྱིས་ ཚ་གྱང་བཤདཔ་ཨིན་པས།

ད་རེས་ནངས་པར་ ཁྲིམས་འགལ་ཐོག་ ས་མཚམས་ལས་ ནང་འཛུལ་འབད་མི་དང་ ས་མཚམས་ཕྱི་ཁར་ ཀོ་བིཌ་-༡༩ ཐོབ་མི་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་ཡོདཔ་ལས་ ས་མཚམས་བདའ་སྟེ་ སྒྲིག་གཡོག་རྒྱུག་མི་དང་ སྐོར་སྲུང་འབད་མི་ཚུ་ལུ་ འགན་ཁུར་ལྕི་དྲགས་འབག་པའི་སྐབས་ མི་སྡེའི་ནང་ ནད་གཞི་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།

བྱ་ངན་འབད་མི་ཚུ་ཡང་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ནང་ ཁྱིད་མ་འགྱོ་བའི་ཧེ་མར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཞིནམ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ ནད་འབུབ་ཡོད་མེད་ ངེས་བཟུང་གི་བརྟག་དཔྱད་ ཨར་ཌི་ཊི་འབད་དོ་ཡོད་རུང་ དོགས་ཅན་འཛིན་བཟུང་འབད་མི་ ཁྲིམས་སྲུང་འགག་པ་ཕུད་རྡོག་གཅིག་ཡང་ ཟུར་བཞག་ནང་ བཞག་ནི་མེདཔ་ཨིན་པས།

ཚུལ་མིན་འབད་མི་ཚུ་ ཟུར་བཞག་ནང་ དུས་ཡུན་ཉིན་གྲངས་༢༡ མཇུག་བསྡུ་བའི་ཤུལ་ལས་ པི་སི་ཨར་ཟེར་མི་ བརྟག་དཔྱད་འབད་དེ་ ནད་རྟགས་མེད་པ་ཅིན་ ཁྲིམས་སྲུང་འགག་པ་གིས་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་གྱི་དོན་ལུ་ འཁྱིད་འགྱོ་དོ་ཡོདཔ་ཨིན་པས།

ད་ཚུན་གྱི་བར་ན་ ཁྲིམས་འགལ་འབད་མི་ཚུ་ལུ་ ནད་གཞི་ཐོབ་སྟེ་མེད་རུང་ ཉིན་གྲངས་༢༡ གི་ཤུལ་ལས་ ཀོ་བིཌ་-༡༩ གི་ ནད་རྟགས་མི་འཐོན་ག་ཟེར་ ཁོང་དང་འབྲེལ་བ་འཐབ་མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་དང་ བསྟན་སྲུང་དམག་མི་ བདེ་སྲུངཔ་ཚུ་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ ནང་སྐྱོད་ལས་ཁུངས་ དེ་ལས་ ནགས་ཚལ་འགོ་དཔོན་དང་ མི་སྡེ་ཁས་བླངས་པ་ཚུ་དང་གཅིག་ཁར་ སྤྱི་ཟླ་༣ པ་ལས་ ས་མཚམས་བདའ་སྟེ་ ལྟ་རྟོག་དང་ སྐོར་སྲུང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

སྐོར་སྲུང་འབད་མི་ཚུ་གིས་ གནས་ཚད་ལག་ལེན་བྱ་སྒོའི་ ལམ་སྟོན་དེ་ ལག་ལེན་འཐབ་དགོཔ་བཞིན་དུ་ དེ་ནང་ དོགས་ཅན་འཛིན་བཟུང་དང་ འབྲེལ་བ་འཐབ་ཐངས་ཚུ་ བཀོད་དེ་ཡོདཔ་ཨིན་པས།

ཨིན་རུང་ ལག་ལེན་དངོས་སུ་འཐབ་པའི་སྐབས་ ལཱ་ཁག་བཏང་དོ་ཡོདཔ་ད་ ད་ལྟོ་ དགེ་ལེགས་ཕུག་ལུ་ ལཱ་འབད་མི་ བདེ་སྲུངཔ་ཅིག་གིས་ སླབ་མིའི་ནང་ ས་སྲུང་སྒོ་ར་ཚུ་ནང་ དུས་ཡུན་ཟླཝ་༡ གི་དོན་ལས་ མ་བཏང་པའི་ཧེ་མར་ ཉིན་གྲངས་༢ དེ་ཅིག་ གསལ་བཤད་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཡོད་ཟེར་ཨིན་པས།

ད་རེས་ནངས་པར་ མཐའ་ས་ཚུ་ནང་ ཚ་དྲོད་ཤུགས་ཆེ་དྲགས་ཡོད་པའི་ཁར་ སྒྲིག་ཆས་སྟུག་པག་པ་དང་ ལྷམ་ལྗིད་ཅན་ཡོདཔ་ལས་ མང་ཤོས་ཅིག་གིས་ ལམ་སྟོན་དང་འཁྲིལ་ཏེ་ སྒྲིག་རྒྱུག་མི་ཚུགས་དོ་ཡོདཔ་ཨིན་པས།

བདེ་སྲུངཔ་གིས་འབད་བ་ཅིན་ འཕྲལ་འཕྲལ་སྐབས་ ཚ་དྲོད་དེ་གིས་ ཁ་རས་ལག་ལེན་འཐབ་ནི་ལུ་ཡང་ ལཱ་ཁག་རྐྱབ་དོ་ཡོད་རུང་ ཁྲིམས་འགལ་འབད་མི་ཚུ་ འཛིན་བཟུང་འབདཝ་ད་ ཨིན་ཅི་མིན་ཅི་ ཁ་རས་དེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།

བདེ་སྲུངཔ་གཞན་ཅིག་གིས་ སླབ་མིའི་ནང་ མ་གཞི་ གཞན་དང་རང་གི་བར་ན་ ས་སྟོང་བཞག་དགོ་པའི་སྐོར་ལས་ ཤེས་རྟོགས་བྱུང་རུང་ འཕྲལ་འཕྲལ་ར་ དོགས་ཅན་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་དགོཔ་བྱུངམ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྐོར་སྲུང་འབད་བའི་སྐབས་ དོགས་ཅན་ཚུ་ མཐོང་པ་ཅིན་ དེ་འཕྲོ་ལས་ བྲོས་ཟུར་འབད་ནི་ལས་ བཀག་ཐབས་ལུ་ སྐོར་སྲུང་སྡེ་ཚན་གྱིས་ བར་ན་ས་སྟོང་བཞག་ཐོག་ལས་ མཐའ་སྐོར་ཏེ་ བཞག་པའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ འབོ་དོ་ཟེར་ཨིན་པས།

བདེ་སྲུངཔ་ཚུ་གིས་ སླབ་མིའི་ནང་ ཁ་རས་སྤུར་པའི་ཁར་ ལག་ཤུབས་ཡང་ བཙུགས་དོ་ཟེར་ཨིནམ་ད་ དོགས་ཅན་བདའ་ཟུནམ་ད་ ཁོང་རའི་ཆ་ཅས་ཚུ་ ཁོང་གིས་སྦེ་ར་ འབག་བཅུག་དོ་ཟེར་ཨིན་པས།

ལ་ལོ་ཅིག་གིས་ སེམས་དྲནམ་བཏོན་ཏེ་ ལཱ་འབད་དོ་ཡོད་རུང་ ནད་གཞི་ཐོབ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ བཤད་པའི་ཁར་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཚུ་ འཛིན་བཟུང་འབད་ནིའི་དོན་ལས་ མི་ངོ་ཚུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།

དོགས་ཅན་ཚུ་ འཁྱིད་འགྱོ་ནིའི་དོན་ལས་ འཛིན་བཟུང་འབད་སའི་ ས་གོ་ཚུ་ནང་ སྣུམ་འཁོར་དང་གཅིག་ཁར་ གསོ་བའི་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ འོང་དོ་ཡོདཔ་ད་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ དོགས་ཅན་ཚུ་ ག་དེ་དྲག་དྲག་ བརྟག་དཔྱད་འབད་དོ་ཟེར་ཨིན་པས།

ས་མཚམས་ལས་ཕར་ ན་ཡམས་ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ སྐོར་སྲུང་འབད་མི་ཚུ་ལུ་ ལག་ཤུབས་དང་ གདོང་བཀབ་ཤེལ་ཚུ་ ལག་ལེན་འཐབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *