གདུང་བསམ་རྩི་ས་ལས་འཛིན།

གདུང་བསམ་རྩི་ས་ལས་འཛིན་གྱིས་ མི་སྡེའི་འགན་ཁུར་དང་འབྲེལ་བའི་ ལས་སྣ་མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་གི་ གདུང་བསམ་རྩི་ས་ལས་འཛིན་གྱིས་ ངང་ལམ་ཁྲོམ་ནང་ འཁོར་ལམ་གསརཔ་བཏོན་ནི་དང་ ལེགས་བཅོས་འབད་ནི་ལ་སོགས་པའི་ མི་སྡེའི་འགན་ཁུར་དང་འབྲེལ་བའི་ ལས་སྣ་མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལས་འཛིན་གཞི་བཙུགས་འབད་བའི་ ཉིནམ་ལས་འགོ་བཙུགས་ སློབ་གྲྭ་དང་ ཁྲོམ་ དེ་ལས་ སྨན་ཁང་ལ་སོགས་པ་ཚུ་ནང་ གློག་པར་འཕྲུལ་ཆས་ལ་སོགས་པ་ཚུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱུ་ནོར་གཞི་བཟུང་འོག་གི་ ལས་སྡེ་ཚུ་གིས་ འགོ་འདྲེན་ཐོག་ ངང་ལམ་གྱི་ བླ་མའི་ལྷ་ཁང་བཞེངས་པའི་སྐབས་ ལས་འཛིན་གྱིས་ དངུལ་ཀྲམ་ས་ཡ་༦ དེ་ཅིག་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༩༠ པ་ཚུན་ ལས་འཛིན་གྱིས་ མི་སྡེའི་འགན་ཁུར་དང་འབྲེལ་བའི་ ལས་སྣ་ཚུ་གི་དོན་ལུ་ རྩི་ས་མེ་ཊིག་ཊཱན་༥༠ འམ་ ཕད་ཙེ་༡,༠༠༠ ལྷགཔ་ཅིག་ བྱིན་ཡོདཔ་བཞིན་དུ་ ལས་འཛིན་ལུ་ཡང་ མ་དངུལ་མེདཔ་ལས་ དངུལ་ཀྲམ་༢༠༠,༠༠༠ ལྷགཔ་ཅིག་ལས་ བྱིན་མ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལས་འཛིན་གྱིས་ ངང་ལམ་སློབ་གྲྭ་ལྟེ་བའི་ སློབ་སྟོན་ཁང་རྐྱབ་ནི་དང་ ངང་ལམ་སྨན་ཁང་ནང་ གློག་པར་དང་ ནད་བརྟག་འཕྲུལ་ཆས་ ཨཱལ་ཊ་ས་འུནཌ་ལ་སོགས་པ་ཚུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ ད་རེས་ནངས་པ་ མང་ཤོས་ར་ རྩི་སའི་གྲོགས་རམ་དགོ་མི་ ལྷོད་དོ་ཡོདཔ་ལས་ ལས་འཛིན་གྱིས་ཡང་ འོས་འབབ་དང་འཁྲིལ་ ག་ར་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།

ལས་འཛིན་གཞི་བཙུགས་འབད་བའི་སྐབས་ ད་ལྟོ་ ས་མཚམས་ཁར་ཡོད་མི་ ཁྲིམས་སྲུང་འགག་པའི་ཞིབ་དཔྱད་སྒོ་ར་ལས་ ལས་འཛིན་ཚུན་ འཁོར་ལམ་ཀི་ལོ་མི་ཊར་༡༥ དེ་ཅིག་ བཏོན་ཡོདཔ་བཞིན་དུ་ ཟམ་སྦོམ་༤ དེ་ཅིག་ཡང་ རྐྱབ་ནུག་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པས།

བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ ལས་འཛིན་མཇུག་བསྡུ་སྟེ་ ལཱ་འབད་ནི་འགོ་བཙུགས་ཞིནམ་ལས་ཚུར་ མི་སྡེའི་འགན་ཁུར་དང་འབྲེལ་བའི་ ལཱ་དེ་ཅིག་ འབད་མ་ཚུགས་རུང་ ད་ལས་ཕར་ མི་སྡེའི་འགན་ཁུར་དང་འབྲེལ་བའི་ ལས་སྣ་ཚུ་ལུ་ གཙོ་རིམ་བཏོན་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ ལས་འཛིན་ནང་ ལས་བྱེདཔ་༤༩༩ དེ་ཅིག་ ཡོད་མིའི་གྲས་ལས་ པདྨ་དགའ་ཚལ་རྐྱངམ་གཅིག་ལུ་ར་ ལཱ་འབད་མི་༡༨༠ ལྷགཔ་ཅིག་ བྱིན་ཡོད་མི་དེ་ཡང་ མི་སྡེའི་འགན་ཁུར་དང་འབྲེལ་བའི་ ལས་སྣའི་གྲངས་སུ་ར་ ཨིན་ཟེར་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པའི་ གནས་སྟངས་ནང་ ངང་ལམ་དྲུང་ཁག་ནང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ མང་ཤོས་ཅིག་ར་ ཟ་ཁང་ཚུ་ནང་ སྡོད་དོ་ཡོདཔ་བཞིན་དུ་ ངང་ལམ་ཁྲོམ་ཁར་ ལས་འཛིན་གྱི་ ས་ཅིག་ཡོད་མིའི་ནང་ སྡོད་ཁྱིམ་ཚུ་རྐྱབ་སྟེ་ གླ་ཁར་བྱིན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ངང་ལམ་ཁྲོམ་དང་ ཞིབ་དཔྱད་སྒོ་ར་བར་ནའི་ འཁོར་ལམ་ཕྱེད་ཀ་ཅིག་ གནས་སྟངས་སྐྱོ་དྲགས་ཐལ་ཡོད་མི་དེ་གིས་ རྒྱུན་འགྲུལ་འཐབ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ ལས་འཛིན་གྱིས་ འཁོར་ལམ་ཉམས་བཅོས་འབད་དེ་ རྩི་ས་གཏང་པ་ཅིན་ སྤྱིར་བཏང་ག་ར་ལུ་ ཕན་ཐོགས་ཆེ་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེ་གསརཔ་༡༧ ལུ་ ཐོ་བཀོད་གྲུབ་པའི་ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *