པདྨ་དགའ་ཚལ་རྫོང་གི་ མཐོང་སྣང་།

གདུང་བསམ་ཟེར་ སླབ་དགོ་པའི་དགོས་ཁུངས།

༉ ད་རེས་ནངས་པར་ ཡོངས་གྲགས་ལུ་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ཟེར་ སླབ་དོ་ཡོད་རུང་ ཧེ་མ་ རྫོང་ཁག་དེ་༢ ལུ་ གདུང་བསམ་ཟེར་ སླབ་སྲོལ་ཡོདཔ་བཞིན་དུ་ གདུང་བསམ་དེ་ ད་ལྟོའི་བར་ན་ཡང་ གཞུང་འབྲེལ་དང་ གཞུང་འབྲེལ་མིན་པའི་ཐོག་ལས་ཡང་ ལག་ལེན་འཐབ་ཨིན་པས།
གདུང་བསམ་ཟེར་ བཏགས་དགོ་པའི་ གནད་དོན་༢ ཡོད་ས་ལས་ པདྨ་དགའ་ཚལ་བསྐོར་ར་རྐྱབ་སྟེ་ གངས་རི་ལེ་ཤ་ཡོད་པའི་གྲས་ལས་ དབྱིབས་དུང་དཀར་དང་འདྲ་བའི་ གངས་རི་༣ ཡོད་མི་ལུ་བརྟེན་ ཚངས་ལའི་ཁ་སྐད་ནང་སྦེ་ གདུང་བསམ་ཟེར་ བཏགས་ཡོདཔ་ད་ མ་གཞི་ གདུང་བསམ་ཟེར་བའི་སྐབས་ དུང་བསམ་ཟེར་ འབྲི་དགོ་ནི་ཨིན་རུང་ ད་རེས་ནངས་པར་ ཡོངས་གྲགས་ལུ་ གདུང་བསམ་ཟེར་ འབྲི་སྲོལ་དར་ཁྱབ་ སོང་ཡོདཔ་ཨིན་པས།
གནད་དོན་གཞན་དེ་ ད་རེས་ནངས་པར་ པདྨ་དགའ་ཚལ་མཁར་གཡུས་ཚན་གྱི་ ལྟག་ལུ་ཡོད་མི་ གངས་རི་ཚུ་གི་ལྟག་ལུ་ གདུང་མཚོ་ཀརྨ་ཐང་ཟེར་ མཚོ་༡ ཡོདཔ་ད་ མཚོ་དེ་ཁར་ལས་ གཏེར་སྟོན་པདྨ་གླིང་པ་གིས་ གཏེར་མང་རབས་ཅིག་ བཞེས་ཡོདཔ་བཞིན་དུ་ ཤུལ་ལས་ མཚོ་དེ་ སྐམ་ཡོདཔ་ལས་ དེ་ཁར་ གཞིས་ཆགས་སྡོད་མི་ཚུ་ མཁོ་ཆེ་གི་ རྒྱུད་ལུ་གྱུར་ཡོད་པའི་ཁར་ གདུང་མཚོ་པ་ཟེར་ཡང་ སླབ་ཡོད་མི་དང་འཁྲིལ་ གདུང་མཚོ་དེ་ལུ་བརྟེན་ གདུང་བསམ་ཟེར་ མིང་བཏགས་ཡོདཔ་ཨིན་པས།
ངག་རྒྱུན་ཚུ་དང་འཁྲིལཝ་ད་ གདུང་བསམ་ཟེར་བའི་མིང་དེ་ ཧེ་མ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་སྐབས་ལས་ར་ ཁྱབ་ཆེ་དྲགས་སྦེ་ ལག་ལེན་འཐབ་སྲོལ་ཡོདཔ་བཞིན་དུ་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ལུ་ཡང་ གདུང་བསམ་ཟེར་ སླབ་ཡོདཔ་ད་ མི་ཚུ་འབད་རུང་ གདུང་བསམ་ལས་ཨིན་ཟེར་ སླབ་པའི་སྐབས་ གདུང་བསམ་ངང་ལམ་དང་ ཡང་ཅིན་ གདུང་བསམ་པདྨ་དགའ་ཚལ་ལས་ཨིན་པའི་ ཧ་གོ་དོ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་གྲྭ་ཚང་གི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལུང་ཕྱོགས་དེ་ ལུང་ཕྱོགས་སྐྱོང་མི་ཚུ་གིས་ ཞབས་དྲུང་གི་ བཀའ་རྒྱའི་འོག་ལུ་ ཞབས་དྲུང་ཁོ་རའི་སྐུ་ཚབ་ ཆོས་རྩེ་དཔོན་སློབ་དང་པ་ ཆོས་རྒྱལ་མི་འགྱུར་བརྟན་པ་དང་ བླམ་རྣམ་སྲས་༢ ཀྱིས་ འགོ་འདྲེན་འཐབ་མི་ འབྲུག་པ་བཀའ་བརྒྱུད་པ་ལས་ ཕན་ཁ་ལེན་ཏེ་ གཞོང་སྒར་དང་གཅིག་ཁར་ མ་བསྡབས་བའི་ཧེ་མར་ རང་དབང་གི་ ཆབ་སྲིད་ཅིག་སྦེ་ གནས་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༡༩༧༠ ཚུན་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་༢ གདུང་བསམ་མཁོའི་གདུང་དང་ གདུང་བསམ་མཁོའི་རི་ཟེར་ སླབ་ཡོད་རུང་ ལོ་དེ་ནང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ ད་ལྟོའི་མིང་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ཟེར་ བཏགས་གནང་ནུག་ཟེར་ཨིནམ་ད་ གདུང་བསམ་ཟེར་བའི་སྐབས་ ངང་ལམ་ བདེ་ཆེན་གླིང་ མཁར་དང་ མཁོའི་གདུང་གཡུས་ཚན་ཚུ་ ཚུདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གདུང་བསམ་དེ་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་གིས་ རྒྱ་གར་ལུ་ ཚོང་འབྲེལ་འཐབ་སའི་ ཚོང་ལམ་ངོ་མ་ཅིག་སྦེ་ ཡོངས་གྲགས་སྡོད་ནུག་ཟེར་ ཨིནམ་མ་ཚད་ ཤར་གདུང་བསམ་ཁ་ ལྷོ་དཔག་བསམ་ཁ་ ནུབ་དར་གླིང་ཁ་དང་ བྱང་སྟག་འཚེར་ཁ་ཟེར་ འཛུལ་སྒོ་༤ ངོས་འཛིན་འབད་མི་ལས་༡ ཨིན་མས་ཟེར་ཨིན་པས།
ངག་རྒྱུན་ཚུ་དང་འཁྲིལཝ་ད་ གདུང་མཚོ་ཀརྨ་ཐང་ལུ་ ཞབས་དྲུང་རིན་པོ་ཆེའི་ཡབ་ བསྟན་པའི་ཉི་མ་གིས་ཡང་ ཞབས་ཀྱིས་བཅགས་གནང་ཡོད་རུང་ དེ་བསྒང་ལས་ར་ མཚོ་དེ་སྐམ་ཡོདཔ་ལས་ དེ་ཁར་ མི་ཚུ་གིས་ གཞིས་ཆགས་སྡོད་ནིའི་ འགོ་བཙུགས་མི་ལུ་བརྟེན་ ཡབ་བསྟན་པའི་ཉི་མ་གིས་ དུང་དཀར་དགོན་པ་ ཕྱག་བཏབ་གནང་སྟེ་ མཚན་རྟགས་དང་ལྡན་པའི་ ཨམ་སྲུ་ཅིག་ལས་ སྲས་༡ འཁྲུངས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ལོག་འོང་ཞིནམ་ལས་ རྒྱལ་ཁབ་ཀྱི་ རྒྱལ་རབས་ནང་ རྩ་ཆེ་བའི་ ཕྱག་འགན་བཞེས་ཐབས་ལུ་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ བོད་ལུ་ སྐུ་ཡོན་བཞེས་པར་ བྱོན་ཡོདཔ་ད་ སྲས་ཀྱི་མཚན་དེ་ བསྟན་འཛིན་འབྲུག་སྒྲ་ཟེར་ ཞུ་དོ་ཡོདཔ་བཞིན་དུ་ མི་མང་ཤོས་ཀྱིས་ སྲས་དེ་ བོདཔ་ཨིནམ་སྦེ་ སླབ་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་ལས་འབད་བ་ཅིན་ གདུང་མཚོ་ཀརྨ་ཐང་ལུ་ སྡོད་མི་ཚུ་ལུ་ ཁ་གསལ་ཏོག་ཏོ་མེད་མི་ ནད་ཡམས་ཅིག་གིས་ གནོད་སྐྱོན་བྱུང་བའི་སྐབས་ དེ་ཁའི་མི་ག་ར་ ཤི་རྐྱེན་བྱུང་ཡོད་རུང་ མཁོ་ཆེ་གི་ ཕོ་སྤུན་༢ ས་གནས་གཞན་ཁར་ བྱོག་སོང་ཡོདཔ་བཞིན་དུ་ གདུང་མཚོ་ཀརྨ་ཐང་གི་ གྱང་ཁོག་ཚུ་ སའི་འོག་ལུ་ཚུད་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ མཐོང་ནི་འདུག་ཟེར་ ཞུ་ནི་ཨིན།
འཕྲོ་མཐུད་བདུན་ཕྲག་ཤུལ་མར།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *