བསོད་ནམས་གཡང་འཛོམས་ཀྱིས་ སྐུད་ཤུ་ཐགས་རས་ འཐག་པའི་བསྒང་།

གཉེན་ཡ་བྲལ་སོང་མི་ ཨམ་སྲུ་ཅིག་གིས་ སྐུད་ཤུ་ཐགས་རས་འཐག་སྟེ་ མི་ཚེ་སྐྱོང་དོ་ཡོདཔ།

༉ སྐྱེས་ལོ་༣༢ ལང་མི་ བསོད་ནམས་གཡང་འཛོམས་ཀྱིས་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལུ་ ལོང་ཞིནམ་ལས་ སློབ་གྲྭའི་ནང་འགྱོ་མི་ ཨ་ལོ་༢ ཀྱི་ བཞེས་སྒོ་ཚུ་འབད་དེ་ སློབ་གྲྭ་ནང་ བསྐྱལ་བའི་ཤུལ་ལུ་ མོ་ར་ཨ་རྟག་འབད་མི་ སྐུད་ཤུ་ཐགས་རས་འཐག་ནིའི་ལཱ་ འགོ་བཙུགསཔ་ཨིན་པས།
པདྨ་དགའ་ཚལ་ མཁར་རྒེད་འོག་ མཁར་གཡུས་ཚན་ནང་ ཐགས་འཐག་མི་གཞན་ཡང་ཡོད་རུང་ བསོད་ནམས་གཡང་འཛོམས་དེ་ ཉིན་ནུབ་མེད་པར་ ཐགས་འཐག་སྡོད་མི་ཅིག་ཨིན་པའི་ཁར་ གཡུས་ཚན་ནང་ སྐུད་ཤུ་ཐགས་རས་འཐག་ཤེས་མི་ མོ་རྐྱངམ་གཅིག་ཨིནམ་ལས་ སྐུད་ཤུ་ཐགས་རས་འཐག་ནིའི་ནང་ མིང་གཏམ་ཡོད་མི་ཅིག་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ཨིན་མི་ བསོད་ནམས་གཡང་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༡༤ ལས་ ཐགས་འཐག་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ འགོ་དང་པ་ར་ ཐགས་རིགས་དཀར་རྐྱང་གི་རིགས་ཚུ་ འཐག་ཅི་ཟེར་ཨིན་རུང་ ཐགས་སྦྱེལ་ནིའི་རིགས་ཚུ་ མ་ལྷབ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སློབ་རིམ་༡༠ པ་ལས་ སློབ་རིམ་༡༡ པའི་དོན་ལུ་ མཐར་འཁྱོལ་མ་བྱུངམ་བཞིན་དུ་ དཔེ་ཆ་འཕྲོ་མཐུད་ལྷབ་ནིའི་ སྤྲོ་བ་ཡོད་རུང་ ཟད་འགྲོ་གཏང་མི་མེད་མི་ལུ་བརྟེན་ སྐྱེས་ལོ་༡༧ ལས་ ཐགས་རིགས་དཀར་རྐྱང་རྐྱངམ་གཅིག་མེན་པར་ ཧོར་གྱི་རིགས་ཚུ་ཡང་ འཐག་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཐིམ་ཕུག་ལུ་ སོང་ཞིནམ་ལས་ དཀར་རྐྱང་དང་ ཧོར་གྱི་རིགས་ཚུ་ གླ་ཁར་འཐག་ཅི་ཟེར་ཨིནམ་ད་ དེ་བསྒང་ དཀྱི་ར་དང་ གོ་རེ་ལུ་ གླ་དངུལ་ཀྲམ་༢,༠༠༠ དང་༣,༠༠༠ དེ་ཅིག་ལས་ མེད་མི་ལུ་བརྟེན་ སྐུད་ཤུ་ཐགས་རས་ལྷབ་འདོད་ཡོད་རུང་ སྟོན་བྱིན་མི་མེདཔ་ལས་ སྤྲོ་བ་ཡོད་ནི་དེ་གིས་ གཞན་འཐག་སར་ལྟ་སྟེ་ ཤེས་ཅི་ཟེར་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༩ དེ་ཅིག་ལས་ སྐུད་ཤུ་ཐགས་རས་ཀྱི་རིགས་ཚུ་ འཐག་ནི་འགོ་བཙུགས་ཅི་ཟེར་ཨིན་རུང་ མཁོ་འདོད་བསྐྱེད་མི་དེ་ཅིག་མེདཔ་ལས་ གླ་གུ་ར་ འཐག་ཅི་ཟེར་ཨིནམ་ད་ དེ་བསྒང་ སྐུད་ཤུ་ཐགས་རས་རེ་ལུ་ འཐག་གླ་དངུལ་ཀྲམ་༡༣,༠༠༠ དང་༡༥,༠༠༠ རྐྱངམ་གཅིག་ཨིན་པའི་ཁར་ བཙོང་རུང་དངུལ་ཀྲམ་༤༥,༠༠༠ དང་༥༠,༠༠༠ དེ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།
བསོད་ནམས་གཡང་འཛོམས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ སྐུད་ཤུ་ཐགས་རས་རེ་ལུ་ འཐག་གླ་དངུལ་ཀྲམ་༢༥,༠༠༠ དང་༣༠,༠༠༠ དེ་ཅིག་ཨིན་པའི་ཁར་ བཙོང་རུང་ཉུང་ཤོས་དངུལ་ཀྲམ་༧༠,༠༠༠ དང་༨༠,༠༠༠ དེ་རེ་ ཐོབ་དོ་ཡོདཔ་མ་ཚད་ དཀྱི་རའི་མེ་ཏོག་གི་རིགས་ཚུ་དང་འཁྲིལ་ དངུལ་ཀྲམ་༡༠༠,༠༠༠ ལས་ལྷགཔ་སྦེ་ འཐོབ་ནི་ཡོད་ཟེར་ཨིནམ་ད་ སྐུད་ཤུ་ཐགས་རས་འཐག་ནིའི་དོན་ལུ་ ཟླཝ་༢ དང་༣ དེ་རེ་ འགོར་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ སྔ་མའི་ལས་དང་བསྟུན་ གཉེན་བསྡོམས་ཏེ་ མི་ཚེ་དགའ་སྐྱིད་ཀྱི་ངང་ལུ་ སྐྱོང་སྡོད་པའི་བར་ན་ གཉེན་ཡ་བྲལ་སོང་མི་ལུ་བརྟེན་ ཨ་ལོ་བུམོ་༢ དང་གཅིག་ཁར་ ལོག་གཡུས་ཁར་འོང་ཡོད་རུང་ ལཱ་འབད་མ་ཚུགསཔ་ལས་ ཨ་ལོ་༢  གསོ་ནིའི་དོན་ལུ་ ཐགས་འཐག་ནི་ལུ་བརྟེན་ སྡོད་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཧེ་མ་ མི་ཚུ་གིས་ ཤེས་རྟོགས་དེ་ཅིག་མེདཔ་ལས་ སྐུད་ཤུ་ཐགས་རས་མཁོ་འདོད་བསྐྱེད་མི་ དེ་ཅིག་མ་ཐོན་ཟེར་ཨིན་རུང་ ད་རེས་ནངས་པ་ མི་མང་ཤོས་ཀྱིས་ ཤེས་རྟོགས་བྱུང་ཡོདཔ་ལས་ མཁོ་འདོད་བསྐྱེད་མི་ ཐོན་དོ་ཡོདཔ་བཞིན་དུ་ ད་རེས་ ཐིམ་ཕུག་ཚེས་བཅུའི་དོན་ལུ་ མཁོ་འདོད་བསྐྱེད་མི་ཐོནམ་ལས་ སྐུད་ཤུ་ཐགས་རས་འཐག་པའི་བསྒང་ཨིན་པས།
སོ་ནམ་པ་ཅིག་འབདཝ་ལས་ འཕྲལ་འཕྲལ་ཕམ་ཚུ་དང་གཅིག་ཁར་ སོ་ནམ་གྱི་ལཱ་ཚུ་ འབད་དགོཔ་ཐོན་དོ་ཡོད་རུང་ ལོ་༡ ནང་ སྐུད་ཤུ་ཐགས་རས་༢ དང་༣ དེ་ཅིག་ འཐགས་ཚར་དོ་ཡོདཔ་ལས་ ལོ་༡ ནང་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དང་༢༠༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་མ་ཚད་ མོ་གི་ཨའི་ཡང་ ཐགས་འཐག་མི་ཅིག་ཨིནམ་ལས་ ཁོང་༢ བསྡོམས་ཏེ་ འོང་འབབ་དངུལ་ཀྲམ་༣༠༠,༠༠༠ དང་༤༠༠,༠༠༠ དེ་ཅིག་ བཟོ་དོ་ཟེར་ཨིན་པས།
སྐྱེས་ལོ་༥༨ ལང་མི་ ཀརྨ་རྒྱལ་མོ་གིས་ སླབ་མིའི་ནང་ ཁོང་༢ ཀྱིས་ འོང་འབབ་བཟོ་ཚུགས་དོ་ཡོད་རུང་ འབུ་རས་སྐུདཔ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡,༤༥༠ དང་ སེར་ཤུ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤,༦༠༠ དེ་ཅིག་ སླབ་དོ་ཡོདཔ་ལས་ ཁེ་སང་དེ་ཅིག་ མིན་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་གིས་ ཐགས་འཐག་སྟེ་ མི་ལོ་༣༠ ལྷགཔ་ཅིག་ སོང་ཡི་ཟེར་ཨིནམ་ད་ ཧེ་མ་ ད་རེས་ནངས་པ་བཟུམ་མའི་ སྐུད་ཤུ་ཐགས་རས་ཀྱི་ རིགས་ཚུ་མེདཔ་ལས་ འབུ་རས་ཀྱི་ ཧོར་གོ་དང་ དཀྱི་ར་ཚུ་ འཐག་ཅི་ཟེར་ཨིནམ་བཞིན་དུ་ ད་ལྟོ་ཚུན་ དཀྱི་ར་དང་གོ་༡༠༠ ལྷགཔ་ཅིག་ འཐག་ཅི་ཟེར་ཨིནམ་ད་ ལོ་ན་རྒས་ནི་དེ་གིས་ ལེགས་ཤོམ་མི་མཐོང་དོ་ཡོདཔ་ལས་ ཧེ་མ་བཟུམ་ཅིག་ འཐག་མི་ཚུགས་པས་ཟེར་ཨིན་པས།
མོ་གིས་ བློན་པོ་ལ་སོགས་པའི་ གོ་ཚུ་ཡང་ འཐག་ཅི་ཟེར་ཨིནམ་བཞིན་དུ་ ད་རེས་ནངས་པ་ཡང་ མཁོ་འདོད་བསྐྱེད་མི་ དུམ་གྲ་རེ་ ཐོན་དོ་ཡོདཔ་ལས་ འཐག་དོ་ཟེར་ཨིནམ་ད་ གཡུས་ཚན་ནང་ འབུ་རས་ཀྱི་ ཧོར་གོ་རེ་ལུ་ དངུལ་ཀྲམ་༡༧,༠༠༠ དང་༡༨,༠༠༠ དེ་ཅིག་དང་ ཁྲོམ་ཁ་ལུ་ དངུལ་ཀྲམ་༢༣,༠༠༠ དང་༢༥,༠༠༠ རེ་སྦེ་ བཙོང་དོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *