གཅན་གཟན་སྟག་འཁྱམས་སའི་ བར་ལམ་བཟོ་ ནིའི་འཆར་གཞི།

༉ རྒྱ་གར་དང་ འབྲུག་ དེ་ལས་ ནེ་པཱལ་གྱི་ ལ་མཐོ་སར་སྡོད་མི་ གཅན་གཟན་སྟག་གི་ སྐྱེ་ལྡན་གནས་སྟངས་རིམ་ལུགས་སྐོར་ལས་ ཧ་གོ་ནིའི་དོན་ལུ་ བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ ཤར་དང་ནུབ་ཕྱོགས་ཀྱི་ ཧི་མ་ལ་ཡཱན་གངས་ཅན་ཚུ་གི་བར་ན་ འཁྱམས་སའི་ས་ཁོངས་ཚུ་ མཐུད་འབྲེལ་བཟོ་ནིའི་འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ སྟག་འཁྱམས་སའི་ས་ཁོངས་ཀྱི་ གནས་སྡུད་དང་ མི་ དེ་ལས་ གཞན་སེམས་ཆ་འདྲཝ་ཚུ་དང་ མ་འོངས་པའི་ནང་ ལ་མཐོ་སའི་ གཅན་གཟན་སྟག་གི་དོན་ལུ་ འཆར་གཞི་བཟོ་ནི་ཨིན་པས།
ལ་མཐོ་སའི་ གཅན་གཟན་སྟག་གི་ གནས་སྟངས་སྐོར་ལས་ རྒྱལ་སྤྱི་སྟག་གི་ཚོགས་སྡེ་གིས་ དབྱེ་ཞིབ་འབད་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ དེ་གིས་ གཞུང་གི་ལས་སྡེ་དང་ གཞན་འབྲེལ་བ་ཡོད་པའི་ ཡིག་ཚང་ཚུ་གི་བར་ན་ མཉམ་འབྲེལ་བཟོ་ཐབས་ལུ་ ཨིན་པས།
བརྟག་ཞིབ་དེ་གི་དོན་ལུ་ གནས་སྡུད་ཚུ་ བསྡུ་སྒྲིག་འབད་དེ་ སྟག་འཁྱམས་ས་དང་ བརྒྱུད་འབྲེལ་འབད་ས་ དེ་ལས་ འཁྱམས་སའི་ས་ཁོངས་ཀྱི་གནས་སྟངས་ཚུ་ ལྟ་ཡོདཔ་ཨིན་པས།
དེ་མ་ཚད་ མི་སྡོད་མི་ལུ་བརྟེན་ སྟག་འཁྱམས་སའི་གནས་སྟངས་ལུ་ ཁྱད་པར་ཚུ་ ག་ཅི་ར་ བཟོ་སྟེ་ཡོདཔ་ཨིན་ན་ཚུ་ཡང་ ལྟ་ཞིབ་ཡོདཔ་ཨིན་པས།
སྔོན་འགྲོའི་དབྱེ་ཞིབ་འབད་མི་དང་འཁྲིལཝ་ད་ སྟག་གིས་ ལ་མཐོ་སའི་ས་ཁོངས་ནང་ ཤིང་ཡོད་ས་ཚུན་ འཁྱམས་ནིའི་འོས་འབབ་ཡོདཔ་སྦེ་ མཐོང་ཡོདཔ་ད་ ནུབ་དང་ཤར་ཕྱོགས་ཧི་མ་ལ་ཡའི་ གངས་ཅན་ཚུ་ནང་འབད་བ་ཅིན་ མཐོ་ཚད་མི་ཊར་༣༦༠༠ དང་༤༢༠༠ གི་བར་ན་ འཁྱམས་སྡོད་ཚུགས་པའི་ འོས་འབབ་མཐོང་ཡོདཔ་ཨིན་པས།
སྟག་འཁྱམས་སའི་ས་ཁོངས་དོན་ལུ་ སེམས་ཅན་གྱི་རིགས་གཞན་ཡང་ རྒྱ་ཆེ་དྲགས་དགོ་པའི་ཁར་ མི་གི་བར་དཀྲོགས་དེ་ ཉུང་སུ་ལས་མེད་པའི་གནས་སྟངས་ དགོཔ་ཨིན་པས།
དེ་མ་ཚད་ སྟག་འཁྱམས་སའི་ས་ཁོངས་དེ་ ཤིང་རིགས་ཡོད་པའི་ཁར་ གཞན་སེམས་ཅན་ཚུ་ལས་ སྦ་ཚུགས་པའི་ཆགས་ཚུལ་ཚུ་ འོང་དགོཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ལ་མཐོ་སར་ སྟག་འཁྱམས་ནི་ལུ་ འོས་འབབ་ལྡན་པའི་ ས་ཆ་ཚུ་ཡང་ རྒྱ་གར་ལུ་ ཁྱབ་ཚད་ཀི་ལོ་མི་ཊར་ཕིཊ་གྲུ་བཞི་༣༨,༩༡༥ དང་ ནེ་པཱན་ལུ་༢,༢༡༣ དེ་ལས་ འབྲུག་ལུ་༡༡,༥༤༣ དེ་ཅིག་ ཡོདཔ་ཨིན་པས།
འབྲུག་ལུ་འབད་བ་ཅིན་ མཐོ་ཚད་མི་ཊར་༣༩༠༠ གི་ས་གནས་ནང་ སྟག་འཁྱམས་སའི་པར་དེ་ སྤྱི་ལོ་༡༩༩༨ ལུ་ འབྲུག་གི་སྟག་ཉམས་སྲུང་ཐབས་བྱུས་ལས་འགུལ་གྱི་ མཱེག་ཌོ་གཱལ་དང་ ཚེ་རིང་གིས་ བཏབ་ཡོད་པའི་ཁར་ སྤྱི་ལོ་༡༩༩༧ ལུ་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རི་དྭགས་སེམས་ཅན་སྲུང་སྐྱོབ་ས་ཁོངས་ཀྱི་ དོང་ལ་སྤྱི་ཏོག་ཁར་ བཏབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་༢༠༠༠ ལུ་ ཁྲུམ་ཤིང་ལ་རྒྱལ་ཡོངས་གླིང་ཁ་གིས་ མཐོ་ཚད་མི་ཊར་༣༠༠༠ གི་ས་ཁར་ པར་ཆས་བཙུགས་བཞག་མི་གིས་ཡང་ སྟག་གི་པར་ཚུ་ བཏབ་ཡོད་པའི་ཁར་ སྤྱི་ལོ་༢༠༡༢ ལུ་ ད་རུང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་གིས་ མི་ཊར་༤༢༠༠ གི་ས་ཁར་ལུ་ཡང་ པར་བཏབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༧ པའི་ནང་ འབྲུག་ལུ་ སྟག་གི་གནས་སྡུད་ བསྡུ་སྒྲིག་འབད་ནིའི་དོན་ལུ་ སྟག་འཁྱམས་སའི་ས་ཁོངས་ཚུ་ནང་ དྲི་བཀོད་དོན་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་དང་ དབང་འདུས་དང་ གཞལམ་སྒང་ རྩི་རང་ དེ་ལས་ ཀྲོང་གསར་གྱི་ ནགས་ཚལ་ལུང་ཕྱོགས་ཚུ་གི་ གཡུས་ཚན་༢༠ གི་ མི་སེར་༤༩ དང་གཅིག་ཁར་ དྲི་བཀོད་འབད་བའི་སྐབས་ མི་སེར་མང་ཤོས་ཀྱིས་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ་ད་ དེ་ཡང་ ཀེ་བ་དང་ གེ་ཟ་ དེ་ལས་ རེད་དེ་ གཙོ་ཆེ་ཤོས་ཅིག་སྦེ་ འཛུགས་སྐྱོང་འབད་དེ་ཡོདཔ་ཨིན་པས།
གཡུས་ཚན་དེ་ཚུའི་ ལུང་ཕྱོགས་ནང་ སྟག་འཁྱམས་མི་དེ་ གཡུས་ཚན་༡༨ ཀྱི་མི་ཚུ་དང་འཁྲིལཝ་ད་ བརྒྱ་ཆ་༨༧ དེ་ཅིག་ཡོད་པའི་ཁར་ སྤྱི་ལོ་༢༠༡༣ ལུ་ གཡུས་མི་ཚུ་གིས་ སྟག་ངོ་མ་སྦེ་མཐོང་མི་དེ་ བརྒྱ་ཆ་༤༢ ཡོད་པའི་ མངོན་གསལ་བྱུང་ནུག།
མི་༢ ཀྱིས་ གསར་སྤང་དང་ ནར་ཇོ་ས་གཡུས་ཚན་གྱི་ས་ཁོངས་ནང་ སྟག་གིས་ ཕྱུ་གུ་འཚའ་ཡོད་པའི་སྐོར་ལས་ སླབ་མི་ཐོན་ཡོད་པའི་ཁར་ སྤྱི་ལོ་༢༠༡༨ ལུ་ གསར་སྤང་གི་ཉེ་འདབས་ལས་ཕར་ སྟག་གི་རྐང་རྗེས་ཚུ་ མཐོང་ཡོདཔ་ཨིན་པས།
ཤར་ཕྱོགས་ཧི་མ་ལ་ཡ་གི་ སི་ཀིམ་དང་ བྱང་བེང་གལ་ ཨ་རུ་ན་ཅཱལ་པར་དེཤ་ འབྲུག་ལུ་སྟག་འཁྱམས་མི་དེ་ཡང་ ནགས་ཚལ་གྱི་ཁྱབ་ཚད་དང་ མིའི་རྐང་རྗེས་ ཉུང་སུ་ལས་མེད་མི་ དེ་ལས་ གཞན་ཡང་ ས་ཆ་ཚུ་ གྱེན་གཟར་དྲགས་མེད་མི་ལུ་བརྟེན་ སྟག་ཚུ་འཁྱམས་དོ་ཡོདཔ་ཨིན་པས།
སྟག་གི་འགུལ་སྐྱོད་དེ་ ཁག་ཆེ་ནི་དེ་གིས་ རྒྱལ་སྤྱི་གིས་ སྟག་འཁྱམས་སའི་བར་ལམ་ བཟོ་ནིའི་དོན་ལུ་ སྟག་ཉམས་སྲུང་ས་ཁོངས་དང་ གཞན་ཡང་ ཉམས་སྲུང་ས་ཁོངས་ཀྱི་བར་ན་ འགུལ་སྐྱོད་ཀྱི་མཐུད་ལམ་བཟོ་ནིའི་དོན་ལུ་ གནས་སྟངས་དབྱེ་ཞིབ་འབད་བའི་སྐབས་ འབྲུག་དང་ རྒྱ་གར་ དེ་ལས་ ནེ་པཱལ་གྱི་ ཤར་དང་ནུབ་ཕྱོགས་ཧི་མ་ལ་ཡ་གི་བར་ན་ ཡུན་བརྟན་གྱི་འཁྱམས་ས་ བཟོ་ཚུགས་པའི་ འོསས་འབབ་མཐོང་ཡོདཔ་ཨིན་པས།
ཐབས་བྱུས་ལས་རིམ་གྱིས་ ལ་མཐོ་ས་ལུ་འཁྱམས་མི་ སྟག་གི་འཆར་གཞི་ཨམ་ བཟོ་ནིའི་དོན་ལུ་ ས་གནས་དང་ རྒྱལ་ཁམས་ དེ་ལས་ རྒྱལ་སྤྱིའི་གནས་ཚད་ལུ་ ཐབས་བྱུས་ཚུ་ བཏོན་དགོ་པའི་ གྲོས་འདེབས་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *