ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༩ ལས་ ད་ཚུན་གྱི་བར་ན་ འཕྱོག་བཟུང་འབད་མི་ སྨན་སྦེ་ཕན་ཁུངས་མེད་པའི་ སེམས་ཁམས་འཁྲུགས་རྫས་ཡོད་མི་ ཤོག་སྒམ་ཚུ།

ཁྲིམས་སྲུང་འགག་སྡེ་གིས་ སེམས་ཁམས་འཁྲུགས་རྫས་ཀེ་ཇི་༡,༥༧༥ འཕྱོག་བཟུང་འབད་ཡོདཔ།

རྒྱར་སྤྱི་སྨྱོ་རྫས་ལྐོག་ཚོང་འཐབ་མི་ སྡེ་ཚོགས་ཀྱིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ རྒྱལ་ཁབ་གཞན་ཚུ་ནང་ ཚོང་འབྲེལ་འཐབ་ནིའི་དོན་ལས་ འབྲུག་འདི་ ནག་ཚོང་གི་བརྒྱུད་ལམ་སྦེ་ ལག་ལེན་འཐབ་དོ་ཡོད་པའི་ མངོན་གསལ་བྱུང་ནུག།

དེ་ཡང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ ཉོགས་བཤད་ཅིག་ ལྷོད་མི་དང་བསྟུན་ ཐིམ་ཕུག་ཁྲོམ་སྡེའི་ ཁྲིམས་སྲུང་འགག་པ་གིས་ གནམ་གྲུའི་ཐོག་ལས་ ཅ་ཆས་གཏོང་ལེན་ལས་སྡེ་ཁག་སོ་སོ་བརྒྱུད་དེ་ ཅ་ཆས་ལྷོད་མི་ཚུ་ལུ་ ནན་ཞིབ་འབདཝ་ད་ བཀག་དམ་ཅན་གྱི་ སེམས་ཁམས་འཁྲུགས་རྫས་ཚུ་ཡོདཔ་ བདའ་ཟུན་ཡོདཔ་ད་ སྨྱོ་རྫས་དེ་ཡང་ ཨཱཕ་རི་ཀའི་རྒྱལ་ཁབ་ ཨི་ཐོ་པི་ཡ་ལས་བསྐྱལ་ཏེ་ འབྲུག་རྒྱལ་ཁབ་བརྒྱུད་དེ་ མི་ཌཱལ་ཨིསིཊ་དང་ རྒྱལ་ཁབ་གཞན་ཚུ་ནང་ གཏང་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་ཡོད་མི་ ཅ་ཆས་གཏོང་ལེན་ལས་སྡེ་ཅིག་གིས་ དོགས་པ་ཅན་གྱི་ ཅ་ཆས་ཀེ་ཇི་༤ འབད་མི་ཅིག་ ཡིག་ཚང་ནང་ ལྷོད་ཡོད་པའི་སྐོར་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ དབང་འཛིན་དང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་རྐྱབ་ད་ ཅ་ཆས་ཀྱི་ ཤོག་སྒྲོམ་གུ་ མོ་རིང་ག་/སྔོ་སྨན་ཇ་ཨིནམ་སྦེ་ ཚོང་རྟགས་བཀོད་ཡོདཔ་མཐོང་ནུག།

ཁྲིམས་སྲུང་འགག་པ་གིས་ དབང་འཛིན་ལུ་ ཇ་འདབ་ཀྱི་དཔེ་ཚད་ལུ་ སྔོན་འགྲོའི་བརྟག་ཞིབ་ཅིག་ འབད་དགོ་པའི་ ཞུ་བ་འབདཝ་བཞིན་དུ་ བརྟག་དཔྱད་འབདཝ་ད་ ཇ་འདབ་སྐམ་ནང་ ཀེ་ཐི་ནཱོན་ཟེར་མི་ སྨན་སྦེ་ཕན་ཁུངས་མེད་པའི་ སེམས་ཁམས་འཁྲུགས་རྫས་ཚུ་ཡོད་པའི་ གྲུབ་འབྲས་ཐོན་ཡི་ཟེར་ ཁྲོམ་སྡེ་ཁྲིམས་སྲུང་འགག་སྡེའི་ བཀོད་ཁྱབ་འགན་འཛིན་པ་ ལིང་དཔོན་རྣམ་རྒྱལ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཞིབ་དཔྱད་འཕྲོ་མཐུད་དེ་འབད་བའི་ ནམ་དུས་ལུ་ འབྲུག་འགྲེམ་ཡིག་ཚང་དང་ ཅ་ཆས་གཏོང་ལེན་ལས་སྡེ་གཞན་ཚུ་ནང་ སེམས་ཁམས་འཁྲུགས་རྫས་ཡོད་པའི་ ཅ་ཆས་ཚུ་ རྒྱུན་ཆད་མེད་པར་ ལྷོད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ དབང་འཛིན་ལུ་ མཐའ་དཔྱད་ཀྱི་ སྨྱོ་རྫས་བརྟག་ཞིབ་འབདཝ་ད་ ཇ་དང་ཆ་འདྲ་བའི་ སྔོ་ཤིང་འདབ་མ་སྐམ་ནང་ སྔོ་ཇ་མེན་པར་ ཀེ་ཐི་ནཱོན་ཡོདཔ་ ངེས་བདེན་ཨིན་པའི་ མངོན་གསལ་བྱུང་ནུག།

འདབ་མ་སྐམ་ཚུ་ཡང་ ཤར་ཨཱཕ་རི་ཀ་དང་ ཨེ་ར་བི་ཡཱན་ པེ་ནེན་སུ་ལ་ལུ་ འཛུགས་སྐྱོང་འབད་མི་ ཁཱཊ་སྔོ་ཤིང་གི་ འདབ་མ་ཤོག་སྒམ་རྐྱབ་སྟེ་ རྒྱལ་ཁབ་ནང་ སྐྱེལ་འདྲེན་འབད་འབད་ཡོདཔ་ད་ ཁཱཊ་སྔོ་ཤིང་དེ་ འབྲུག་ལུ་མེདཔ་ཨིན་རུང་ འདབ་མ་ཚུ་ རྡོག་མ་པ་ནེ་བཟུམ་སྦེ་ ཟ་དོ་ཡོདཔ་ཨིན་པས།

སེམས་ཁམས་འཁྲུགས་རྫས་དེ་ ཟ་བ་ཅིན་ སྤུ་འགྱིར་དྲགས་འགྱོ་བའི་ཁར་ གཟུགས་ཀྱི་ཤུགས་ ཡར་འཕར་འགྱོ་ནི་ལུ་ ལྷན་ཐབས་འབདཝ་ཨིན་པས།

སྨྱོ་རྫས་གཏོང་ལེན་འབད་ཐངས།

རྒྱལ་སྤྱི་སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་གིས་ འབྲུག་ལུ་ བརྡ་དོན་ཡོངས་འབྲེལ་འཆར་སྒོ་དང་ མི་སྡེ་བརྡ་བརྒྱུད་གདོང་དེབ་ཚུ་ནང་ གསལ་བཀོད་འབད་དེ་ཡོད་པའི་ ཅ་ཆས་གཏོང་ལེན་དང་ ཕྱིར་ཚོང་འཐབ་མི་ ཚོང་སྡེ་ཚུ་གི་ ཁ་བྱང་དང་ འགོ་འཛིན་ དེ་ལས་ ལས་གཡོགཔ་ཚུ་གི་ ཁ་བྱང་འཚོལ་ཞིབ་འབད་བའི་ཤུལ་ལུ་ མི་ངོམ་ཚུ་དང་ འབྲེལ་བ་བཟོ་ཞིནམ་ལས་ ཁཱཊ་སྔོ་ཤིང་གི་ འདབ་མ་སྐམ་ཚུ་ སྒམ་རྐྱབ་སྟེ་ ཁོང་གི་ཁ་བྱང་ཐོག་ལུ་ བསྐྱལ་དོ་ཡོདཔ་ཨིན་པས།

ཚུལ་མིན་གྱི་ ཅ་ཆས་ཚུ་ཡང་ ཤོག་སྒམ་ཆེ་ཆུང་མ་འདྲཝ་ཚུ་ནང་བཙུགས་ཏེ་ བསྐྱལ་དོ་ཡོདཔ་ལས་ ཤོམ་སྒྲོམ་ཆེ་ཆུང་དང་འཁྲིལ་ ནང་ན་ཅ་ཆས་ ལྗིད་ཚད་ཀེ་ཇི་༨ ལས་༢༠ ཚུན་འོངམ་ཨིན་པས།

དེ་ལས་ ཅ་ཆས་སྐྱེལ་མི་ཚུ་གིས་ ཅ་ཅས་ཚུ་ གནམ་གྲུའི་ཐོག་ལུ་ རྒྱལ་ཁབ་ནང་ ལྷོད་པའི་ཤུལ་ལས་ ལེན་མི་ཚུ་ལུ་ ཤོག་སྒམ་གསརཔ་ནང་ སྤོ་བཤུད་འབད་དེ་ ཕྱི་རྒྱལ་ལུ་ མི་ངོ་སོ་སོའི་ ཁ་བྱང་ནང་ བསྐྱལ་དགོཔ་སྦེ་ སླབ་བཞིན་དུ་ ནཱ་ལས་ཡང་ འབྲུག་འགྲེམ་ཡིག་ཚང་ལས་ ཤོག་སྒྲོམ་གསརཔ་ཉོ་སྟེ་ སྒམ་རྐྱབ་ཞིནམ་ལས་ ཕྱི་རྒྱལ་ལུ་ བསྐྱལ་དོ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༩ ལས་ འགོ་བཙུགས་ཏེ་ ཁ་ཙ་ཚུན་ཚོད་ མོ་རིང་ག་སྔོ་ཇ་ཨིནམ་སྦེ་ལྷོད་མི་ ཁཱཊ་སྔོ་ཤིང་གི་འདབ་མ་སྐམ་ ཀེ་ཇི་༡,༥༧༥ འཕྱོགབཟུང་འབད་ཡོདཔ་མ་ཚད་ ཁ་བྱང་སོ་སོའི་ནང་ལྷོད་མི་ མི་ངོམ་༡༩ ལུ་ ཞིབ་དཔྱད་དང་ དྲི་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།

འབྲུག་ལུ་ ཀེ་ཐི་ནཱོན་དེ་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ འཕྲི་སྣོན་བཅའ་ཁྲིམས་༢༠༡༨ ཅན་མའི་ ཟུར་དེབ་༢ པའི་ནང་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ བཀག་དམ་ཅན་གྱི་ སེམས་ཁམས་འཁྲུགཤ་རྫས་ ཀེ་ཐི་ནཱོན་དེ་ ག་རམ་༥ ལས་བརྒལ་བ་ཅིན་ གནོད་འགེལ་གྱི་གྲངས་སུ་ ཚུདཔ་ཨིན་པས།

བཅའ་ཁྲིམས་དང་འཁྲིལཝ་ད་ ཟུར་དེབ་༡ པ་དང་༢ པའི་ནང་ གསལ་བཀོད་འབད་མི་ བཀག་དམ་ཅན་གྱི་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ཚུ་ ནག་ཚོང་འཐབ་པ་ཅིན་ རྩོད་ཟླ་ལུ་ ཉེས་སྐྱོན་ཕོག་ནི་དང་ ནག་ཚོང་འཐབ་པའི་ དབྱེ་རིམ་དང་པའི་ ཉེས་ཆེན་སྨིན་དགོཔ་བཞིན་དུ་ དེ་ཡང་ ཁྲིམས་ཚད་དུས་ཡུན་དམའ་ཤོས་ལོ་ངོ་༡༥ དང་མཐོ་ཤོས་ཚེ་བཙོན་ཕོག་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *