ཁྲིམས་སྲུང་འགག་པ་གིས་ དངུལ་ཀྲམ་ས་ཡ་༤༢.༦༠ གནས་པའི་ སྨྱོ་རྫས་རིན་ཐང་ཅན་འཕྱོག་བཟུང་།

༉ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་གིས་ བཀག་དམ་ཅན་གྱི་སྨྱོ་རྫས་ ཧ་ཤིཤ་ཟེར་མི་ ཀེ་རྣམ་དུམ་སྒྲིལ་ཀེ་ཇི་༡༩.༣༠ དང་ ཀི་རིསི་ཊཱལ་མཱེཐ་ཟེར་ ཤེལ་གུ་རམ་དང་ དབྱེ་བ་མེདཔ་སྦེ་ཡོད་མི་ སྨྱོ་རྫས་ག་རམ་༦༠༠ འཕྱོག་བཟུང་འབད་ནུག།
སྨྱོ་རྫས་གཉིས་བསྡོམས་ད་ གནས་གོང་ཡུ་ཨེསི་ཌོ་ལར་༦༠༠,༠༠༠ འབདཝ་ད་ དངུལ་ཀྲམ་ས་ཡ་༤༢.༦༠ དེ་ཅིག་གི་ རྩིས་ཨིནམ་ད་ ཕྱི་རྒྱལ་ལུ་ སྨྱོ་རྫས་ཧ་ཤིཤ་ག་རམ་རེ་ལུ་ ཡུ་ཨེསི་ཌོ་ལར་༢༥ ལས་༥༠ ཚུན་དང་ ཀི་རིསི་ཊཱལ་མཱེཐ་ག་རམ་རེ་ལུ་ ཡུ་ཨེསི་ཌོ་ལར་༡༠༠ ལས་༡༥༠ གི་བར་ན་ རིན་གོང་ཐོབ་དོ་ཡོདཔ་ཨིན་པས།
བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ཡང་ ཐིམ་ཕུག་ལུ་ཡོད་མི་ ཅ་ཆས་དང་ ཡི་གུ་གཏོང་ལེན་འབད་མི་ ཌི་ཨེཆ་ཨེལ་ཡིག་ཚང་གི་ ཅ་དམ་འགོ་དཔོན་གྱིས་ ཕུན་ཚོགས་གླིང་ཌི་ཨེཆ་ཨེལ་ཡིག་ཚང་ལས་ དོགས་པ་ཅན་གྱི་ བསྐྱལ་ཆས་༢ ལྷོད་ཡོད་པའི་སྐོར་ སྤྱི་ཟླ་༡༢ པའི་ཚེས་༢ ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེའི་ སྨྱོ་རྫས་སྡེ་ཚན་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
འབྲུག་ལས་ ཧོང་ཀོང་ལུ་ བསྐྱལ་ནི་ཨིན་མི་ བསྐྱལ་ཆས་ཚུ་ལུ་ ཞིབ་དཔྱད་རྐྱབ་ད་ ཁྲིམས་སྲུང་འགག་པ་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལེ་ཤ་མཐོང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དོགས་པ་ཆགས་དགོ་པའི་ གཞི་ཁུངས་དེ་ཡང་ བསྐྱལ་ཆས་ཀྱི་ གནས་གོང་དངུལ་ཀྲམ་༡༥,༠༠༠ དེ་ཅིག་ཨིན་རུང་ ཌི་ཨེཆ་ཨེལ་གྱི་ གཏོང་ལེན་གླ་ཆ་བསྡོམས་ དངུལ་ཀྲམ་༡༠༠,༠༠༠ སྤྲོད་ནི་གིས་ཨིན་མས་ཟེར་ཨིན་པས།
ཌི་ཨེཆ་ཨའི་གི་ ཅ་ཆས་གཏོང་ལེན་གྱི་ རྩིས་བཱིལ་ནང་ ཅ་ལ་ཚུ་ ཤོག་སྒྲོམ་༢ ནང་སོ་སོར་ སྒམ་རྐྱབ་སྟེ་ ནེ་པ་ལིའི་ མི་ཁུངས་ཅིག་ཨིན་མི་ མ་ཧེཤ་བླ་མ་ཟེར་མི་གིས་ བསྐྱལ་ཡོདཔ་སྦེ་ བཀོད་ནུག་ཟེར་ཨིན་པས།
ཀེ་རྣམ་དུམ་སྒྲིལ་ཚུ་ ད་བཱར་ཟེར་མི་ཧོད་དམ་སྦྱིས་ཆུང་ཀུ་ཚུ་ནང་བཙུགས་ཏེ་ ཕྱི་ཁ་ལས་ ཆུ་ཤོག་འབྱར་ཐག་དང་ ཀི་རིསི་ཊཱལ་མཱེཐ་སྨྱོ་རྫས་ཚུ་ གྱིབ་ཤོག་གིས་ སྤུར་ཏེ་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ སྔོན་འགྲོའི་བརྟག་ཞིབ་དང་འཁྲིལཝ་ད་ བསྐྱལ་ཆས་སྒྲོམ་ཀེ་ཇི་༢༥ འབད་མི་ལུ་ དོས་གླ་དངུལ་ཀྲམ་༢༠,༠༠༠ དང་ ཀེ་ཇི་༦༠ འབད་མི་སྒྲོམ་ལུ་ དངུལ་ཀྲམ་༨༠,༠༠༠ དེ་ ཕུན་ཚོགས་གླིང་ལུ་སྡོད་མི་ ཨམ་སྲུ་༢ ཀྱིས་ དངུལ་ཁང་གི་ ཨེམ་བཱོབ་ཐོག་ལུ་ སྤྲོད་ནུག་ཟེར་ཨིན་པས།
ཨམ་སྲུ་དེ་གཉིས་ལུ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ དྲི་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
ས་མཚམས་ཕྱི་ཁའི་ མི་དེ་གིས་ སྤྱི་ལོ་༢༠༡༩ ལུ་ ཚེས་གྲངས་སོ་སོའི་ནང་ བསྐྱལ་ཆས་ལན་ཐེངས་༥ ཧོང་ཀོང་ལུ་ བསྐྱལ་མི་ལུ་ བལྟ་བ་ཅིན་ ད་རེས་ འཕྱོག་བཟུང་འབད་མི་ སྨྱོ་རྫས་ཚུ་ བསྐྱལ་ཡོད་པའི་ དོགས་པ་ཡོད་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཅ་དམ་དང་ ཌི་ཨེཆ་ཨེལ་གྱི་ འགོ་དཔོན་ཚུ་ལུ་ དྲི་ཞིབ་འབདཝ་ད་ བསྐྱལ་ཆས་ཚུ་ བརྟག་དཔྱད་འབད་ནི་གི་ བྱ་རིམ་བཟོ་བཟོཝ་ག་ནི་ཡང་མེདཔ་སྦེ་ སླབ་མས་ཟེར་ བཤད་པའི་ཁར་ ཁོང་གིས་ ཞིབ་དཔྱད་ཟེར་རུང་ ག་ཐོབ་སྦེ་ བལྟ་ནི་ཅིག་དང་ ད་ལྟོ་བཟུམ་སྦེ་ དོགས་སྣང་བྱུངམ་ད་རྐྱངམ་གཅིག་ བལྟ་དོ་ཡོདཔ་སྦེ་ སླབ་མས་ཟེར་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ མི་སྡེ་བརྡ་བརྒྱུད་ནང་ འཚོལ་ཞིབ་འབདཝ་ད་ བཀག་དམ་ཅན་གྱི་ སྨྱོ་རྫས་བསྐྱལ་མི་དེ་ ནེ་པཱལ་ལུ་ཡོད་པའི་ བདའ་ཟུན་ཡོདཔ་ད་ ད་ལྟོ་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་འདུག།
ང་བཅས་ཀྱིས་ གནད་དོན་དེ་གི་སྐོར་ལས་ རྒྱལ་སྤྱི་ཁྲིམས་སྲུང་བརྒྱུད་དེ་ ཧོང་ཀོང་ལུ་ཡོད་མི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབདདེ་ཡོད་ཟེར་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ འཆི་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།
འབྲུག་འདི་སྐྱིད་ཉམས་ལྡན་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ ཕྱི་མི་ཚུ་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ འབྲུག་རྒྱལ་ཁབ་བརྒྱུད་དེ་ རྒྱལ་ཁབ་གཞན་ཚུ་ནང་ བསྐྱལ་ནི་གི་ གོ་སྐབས་ལེནམ་མས་ཟེར་ མདོ་འཛིན་འཆི་མེད་རྡོ་རྗེ་གིས་ བཤད་པའི་ཁར་ འདི་བཟུམ་མའི་ གནས་སྟངས་ནང་ འབྲུག་མི་ཚུ་གིས་ དྲནམ་བཏོན་ནི་དང་ འབྲེལ་ཡོད་ཅ་དམ་འགོ་དཔོན་ཚུ་གིས་འབད་རུང་ ཅ་ཅས་ཚུ་ གཏོང་ལེན་འབདཝ་ད་ ཞིབ་དཔྱད་རྐྱབ་དགོཔ་ གལ་ཆེ་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ཡང་ ཕྱི་རྒྱལ་ལུ་སྡོད་མི་ ནག་ཅན་སྡེ་ཚན་ཚུ་གིས་ འབྲུག་མི་ཕོ་སྐྱེས་༢ དང་ ཨམ་སྲུ་ཅིག་ བཀག་དམ་ཅན་གྱི་ སྨྱོ་རྫས་འབག་མི་སྦེ་ ལས་འཚོལ་ཐོག་ལས་ ཕྱིའི་རྒྱལ་ཁབ་ཅིག་ནང་ འབག་འགྱོཝ་ད་ རྒྱལ་སྤྱི་གནམ་ཐང་ཅིག་ནང་ལས་ བདའ་ཟུན་ཏེ་ དོ་དམ་འོག་ལུ་ ལོ་༨ བཞག་ཡོད་པའི་ ལོ་རྒྱུས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *