ཁྲིམས་སྲུང་འགག་པ་གིས་ ཀྲོང་གསར་ཁྲིམས་འདུན་ལུ་ ལེགས་སྦྱར་བ་བགྲེསཔ་ཚུ་གི་ སྒྲུབ་བྱེད་ཕུལ་ཡོདཔ།

༉ སྤྱི་ཟླ་དང་པའི་ཚེས་༣༠ ལུ་ ཀྲོང་གསར་རྒྱལ་གཞུང་འབྲུག་གི་ཁྲིམས་སྲུང་འགག་སྡེའི་ ཁྲིམས་རྩོདཔ་གིས་ ཀྲོང་གསར་ཁྲིམས་འདུན་ལུ་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་བགྲེསཔ་༣ ལུ་ འདོད་སྤྱོད་གནོད་འཚེ་གི་ ཉེས་འཛུགས་འབད་ཡོད་པའི་ སྒྲུབ་བྱེད་ཚུ་ཕུལ་ཡི།
ལེགས་སྦྱར་བ་བགྲེསཔ་༣ གྱི་གྲས་ལས་ སྤ་རོ་ལས་ཨིན་མི་ ལེགས་སྦྱར་བ་བགྲེསཔ་ལུ་ ཉེས་འཛུགས་ཁག་༤ བཀལ་ཡོད་མི་ཚུ་ལུ་ ཉམས་རྒུདཔ་ཚུ་དང་ སློབ་ཕྲུག་ཚུ་གིས་བྱིན་ཡོད་པའི་ངག་བརྗོད་དང་ འགྲུལ་འཕྲིན་གྱི་ གནད་སྡུད་བསྡུ་ལེན་འབད་ཡོད་མི་ དེ་ལས་ ཁོ་གིས་ བུམོ་ཅིག་ལུ་ འུ་བཀལ་ཡོད་པའི་ འུ་ཤུལ་གྱི་ པར་ཚུ་ཕུལ་ཡི།
དེ་མ་ཚད་ ལེགས་སྦྱར་བ་བགྲེས་པའི་ གློག་རིག་ལེབ་ཀྲོབ་དེ་ ཁྲིམས་སྲུང་གིས་ བཙན་དབང་འབད་ཡོད་མི་དེ་ ཁྲིམས་འདུན་ལུ་ སྒྲུབ་བྱེད་འབད་ཕུལ་ཡོདཔ་ད་ དེ་ཡང་ ལེབ་ཀྲོབ་ནང་ འུ་བཀལ་བའི་པར་ཚུ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་ཨིན་པའི་ ལེགས་སྦྱར་བ་བགྲེསཔ་ལུ་ ཉེས་འཛུགས་ཁག་༥ བཀལ་ཡོད་མི་ཚུ་ རེ་རེ་བཞིན་དུ་སྦེ་ ཉམས་རྒུདཔ་དང་ སློབ་ཕྲུག་ཚུ་གིས་ བྱིན་ཡོད་པའི་ངག་བརྗོད་ཚུ་ སྒྲུབ་བྱེད་སྦེ་ཕུལ་ཡི།
ཆུ་ཁ་ལས་ཨིན་པའི་ ལེགས་སྦྱར་བ་བགྲེསཔ་དེ་ལུ་ ཉེས་འཛུགས་༡ བཀལ་ཡོད་མི་ལུ་ ཉམས་རྒུདཔ་དང་ ཆ་རོགས་ཚུ་གིས་ བྱིན་ཡོད་པའི་ངག་བརྗོད་ཚུ་ སྒྲུབ་བྱེད་སྦེ་ཕུལ་ཡི།
ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཕྱིར་འབུད་བཏང་མི་ ལེགས་སྦྱར་བ་བགྲེསཔ་༡ དང་ ཕྱག་ཞུ་བའི་བསྒང་ཡོད་པའི་ ལེགས་སྦྱར་བ་༢ ཀྱི་ ཞིབ་དཔྱད་སྙན་ཞུ་ཚུ་ ཕུལ་དགོཔ་སྦེ་སླབ་ཅི།
ཁྲིམས་ཀྱིས་ ཁྲིམས་སྲུང་འགག་སྡེ་ལུ་ཕུལ་ཡོད་པའི་ ངག་བརྗོད་བྱིན་མིའི་ ངོ་རྟགས་གསལ་སྟོན་མི་འབད་ནི་ཨིནམ་ད་ ཉེས་འཛུགས་ཅན་ཚུ་གི་ བརྒལ་ལན་དོན་ལུ་ ངག་བརྗོད་འདྲ་དགོ་པ་ཅིན་ ངག་བརྗོད་མིང་མེདཔ་སྦེ་ བྱིན་ནི་ཨིནམ་ད་ དེ་ཡང་ ཉམས་རྒུདཔ་དང་ ངག་བརྗོད་བྱིན་མི་ཚུ་ སློབ་ཕྲུག་ཨིནམ་ལས་ ཁོང་གི་མཐའ་དོན་ལུ་ཨིན་པས།
གལ་སྲིད་ཁྲིམས་འདུན་ལུ་ ཉམས་རྒུདཔ་དང་ ངག་བརྗོད་བྱིན་མི་ཚུ་ ཞིབ་དཔྱད་འབད་ནིའི་དོན་ལུ་ འབོ་དགོཔ་འཐོན་པ་ཅིན་ ཁྲིམས་མཐུན་གྱི་ ཐབས་ལམ་སྟོན་ཏེ་ དང་ལེན་འབད་ནི་ཨིན་པས།
ཉེས་འཛུགས་ཅན་ཚུ་གིས་ སྒྲུབ་བྱེད་ཕུལ་ནི་ཡོད་པ་ཅིན་ སྒྲུབ་བྱེད་བརྒལ་ལན་དེ་ སྤྱི་ཟླ་༢ པའི་ཚེས་༡༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *