ཁྲི་འཛིན་གྱིས་ འབྲུག་རྒྱང་བསྒྲགས་ལས་འཛིན་ གལ་གནད་ཅན་ཨིནམ་སྦེ་བཤད་ཡོདཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་གྱི་ གནས་ཡུན་ཚང་རན་དོ་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ གཞུང་གིས་ ཁོང་རའི་གདམ་ཁ་དང་འཁྲིལ་ཏེ་ བསྐོ་བཞག་འབད་ནི་ཨིན་པའི་ འཐོར་གཏམ་ཡོད་རུང་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ལས་འཛིན་གྱི་ བཀོད་ཚོགས་ཁྲི་འཛིན་གྱིས་ ས་སྟོང་གསལ་བསྒྲགས་འབད་ནུག།
དེ་ཡང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་བྱེདཔ་བགྲེསཔ་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཟླ་བ་དེ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་སྦེ་ བསྐོ་བཞག་འབད་ནི་ཨིན་པའི་ འཐོར་གཏམ་བཤདཔ་ཨིན་པས།
དེ་བཟུམ་མའི་ འཐོར་གཏམ་དེ་ བཀོད་ཁྱབ་གཙོ་འཛིན་གྱི་ གནས་ཡུན་མ་ཚང་པའི་ཧེ་མར་ གཞུང་དབུ་བརྙེས་པའི་ ནམ་དུས་ལས་ར་ བྱུང་ཡོདཔ་ད་ ད་ལྟོའི་ བཀོད་ཁྱབ་གཙོ་འཛིན་ ཚེ་རིང་དབང་ཕྱུག་གི་ གནས་ཡུན་༢ པ་དེ་ སྤྱི་ཟླ་༩ པའི་ཟླ་མཇུག་ལུ་ ཚང་ནི་ཨིན་པས།
བཀོད་ཚོགས་ཀྱིས་ བཀོད་ཁྱབ་གཙོ་འཛིན་གྱི་དོན་ལུ་ ས་སྟོང་གསལ་བསྒྲགས་འབད་མི་དེ་ འགོ་དང་པ་ཨིནམ་ད་ བཀོད་ཚོགས་ཀྱི་ ཁྲི་འཛིན་གྱིས་ མིང་རྟགས་བཀོད་ཐོག་ལས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ས་སྟོང་གི་དོན་ལུ་ ཞུ་ཡིག་བཙུགས་འདོད་ཡོད་མི་ ངོ་རྐྱང་ཚུ་ལུ་ མཐོ་རིམ་དང་ གཙུག་ལག་གི་ ཤེས་ཚད་དགོཔ་མ་ཚད་ ལཱ་གི་ཉམས་མྱོང་ ལོ་ངོ་༡༠ དང་ ལོ་༢ ཀྱི་རིང་ བདག་སྐྱོང་/འཛིན་སྐྱོང་ནང་ འབྲེལ་འཛིན་འབད་བའི་ ཉམས་མྱོང་དགོ་ནི་ཨིན་པས།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ཁྲི་འཛིན་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ ས་སྟོང་གི་ གསལ་བསྒྲགས་འབད་མི་དེ་གིས་ འཐོར་གཏམ་དར་ཁྱབ་བྱུང་མི་དེ་ མ་བདེནམ་ཨིནམ་ དོགས་སེལ་འབད་འོང་ཟེར་ཨིན་པས།
དྲགོས་ཀུན་ལེགས་རྡོ་རྗེ་གིས་ཡང་ འཐོར་གཏམ་གོ་ཡོདཔ་བཞིན་དུ་ འབྲུག་གི་མི་སྡེ་ནང་ ལྐོག་གཏམ་དང་ མཐོར་གཏམ་དེ་ རྒྱ་ཆེ་དྲགས་ཡོདཔ་ལས་ རྣམ་རྟོག་ལང་དགོཔ་མེད་ཟེར་ བཤད་པའི་ཁར་ ཞི་གཡོག་ནང་འབད་རུང་ མི་ངོམ་ཅིག་ལུ་ གོ་གནས་ཡར་སེང་ ཡང་ཅིན་ འབུ་རས་དམརཔོ་དགོ་པ་ཅིན་ དབང་ཚད་ཅན་ཚུ་ལུ་ དྲན་བསྐུལ་འབད་དགོཔ་སྦེ་ དགོད་བྲ་སྒྱུར་བའི་ ལོ་རྒྱུས་བཤད་ནི་ཡང་འདུག་ཟེར་ བཤདཔ་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ ད་རེས་ སྲིད་དོན་གྱི་ སོར་བསྒྱུར་དང་འཁྲིལ་ མ་བདེན་པའི་ འཐོར་གཏམ་བཟོ་སླབ་མི་དེ་ ཡོངས་གྲགས་སོང་སྟེ་ཡོདཔ་ལས་ མི་མང་ལུ་ ས་སྟོང་གསལ་བསྒྲགས་འབད་མི་དེ་ འོས་འབབ་ལྡན་ཏོག་ཏོ་ཅིག་ཨིནམ་བཞིན་དུ་ གོ་གནས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་ ལེ་ཤ་བཙུགས་ཐོག་ལས་ ལས་འཛིན་འཛིན་སྐྱོང་འཐབ་ཚུགས་མི་ བཀོད་ཁྱབ་གཙོ་འཛིན་སྒྲིང་སྒྲི་དང་ ལྕོགས་གྲུབ་ཅན་ཅིག་ ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ས་སྟོང་གསལ་བསྒྲགས་འབད་མི་དེ་ ཁོ་ར་ ལས་འཛིན་གྱི་ ཁྲི་འཛིན་དང་ བརྡ་བརྒྱུད་ཀྱི་ རྒྱབ་རྟེན་ཡོད་མི་ལུ་བརྟེན་མེན་པར་ འབྲུག་རྒྱང་བསྒྲགས་ལས་འཛིན་དེ་ རྒྱལ་ཡོངས་ཀྱི་ རྒྱང་མཐོང་ཊི་བི་ཞབས་ཏོག་རྐྱངམ་གཅིག་གིས་མ་དོ་བར་ རེ་ཌིའོ་དང་ བརྡ་བརྒྱུད་སྣ་མང་གི་ ལས་སྡེ་ཅིག་ཨིན་རུང་ དེ་ལུ་ ག་གིས་ཡང་ ངལ་རངས་བསྐྱེད་དེ་མེད་པའི་ཁར་ གཞུང་གིས་ འགོ་འཛིན་བསྐོ་བཞག་འབད་བ་ཅིན་ ལྷག་པར་དུ་ ཡིད་ཆེས་མེདཔ་ འགྱོ་ནི་དེ་གིས་ཨིན་ཟེར་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱང་བསྒྲགས་ལས་འཛིན་དེ་ མི་མང་གི་དོན་ལུ་ བརྡ་དོན་དང་ ཤེས་ཡོན་སྤེལ་མི་ ལས་སྡེ་ གལ་ཅན་ཅིག་ཨིན་མི་དེ་ཡང་ འབྲུག་མི་ཨ་ལོ་ཆུང་ཀུ་ལས་འགོ་བཙུགས་ རྒས་ཤོས་ཚུན་དང་ གྲོང་གསེབ་སོ་ནམ་པ་ལས་འགོ་བཙུགས་ ཁྲོམ་ཁར་ཚོང་འབྲེལ་འཐབ་མི་དང་ དགེ་སློང་ ཨ་ནེམོ་ ན་གཞོན་ དེ་ལས་ འཛམ་གླིང་ནང་ ལས་རིམ་དང་ གནས་ཚུལ་ཚུ་ བལྟ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ བཀོད་ཁྱབ་གཙོ་འཛིན་དེ་ འོས་འབབ་ཅན་དང་ ལྕོགས་གྲུབ་ཅན་ཅིག་དགོ་ཟེར་ ཁྲི་འཛིན་གྱིས་ བཤད་པའི་ཁར་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ལུ་ ལཱ་གཡོག་སྦེ་མེན་པར་ འགན་ཁུར་སྦོམ་ཡོདཔ་ལས་ ལས་འཛིན་ནང་འཁོད་དང་ མི་མང་ལས་ ཡིད་ཆེས་དང་ གུས་ཞབས་ཡོད་མི་དགོ་ཟེར་ཨིན་པས།
དྲགོས་ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ བཀོད་ཁྱབ་གཙོ་འཛིན་དེ་ བརྡ་བརྒྱུད་ཀྱི་ རྒྱབ་ཁུངས་དང་ ཤེས་ཡོན་ཡོད་མི་ར་ དགོ་ཟེར་མེན་པར་ མི་སྡེ་ནང་ བརྡ་བརྒྱུད་ཀྱི་ ཕན་གནོད་སྐོར་ལས་ ཤེས་མི་དགོ་ཟེར་ཨིན་པས།
བརྡ་བརྒྱུད་ལས་ཁང་གི་ བཀོད་ཁྱབ་གཙོ་འཛིན་ཚུ་ རྣམ་དག་དང་ དྲང་སྤྱོད་ དེ་ལས་ སྲིད་དོན་དང་ ཐ་དད་སྦེ་ ག་ནི་བ་ གལ་ཆེ་ནི་ཨིནམ་ལས་ གལ་སྲིད་ མི་ཚུ་གིས་ རང་སོའི་ལཱ་ཚུ་གི་སྐོར་ལས་ ཉོགས་བཤད་བཀོད་པ་ཅིན་ རང་གིས་ ལཱ་འབད་བའི་ རྟགས་མཚན་ཅིག་ཨིན་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
གཞུང་དབང་ལས་སྡེ་ཚུ་གི་ཐད་ལུ་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ གཞུང་གིས་ གཞུང་དབང་ལས་ཚོགས་དང་ ལས་འཛིན་ ལས་སྡེ་ཁག་ཚུ་ ཁྱད་པར་ཕྱེ་མི་ལུ་ ངོས་ལེན་མེད་ཟེར་ཨིནམ་ད་ ཁོ་གིས་ དཔེ་བཟུམ་ཅིག་སྦེ་ སླབ་མིའི་ནང་ དངུལ་ཁང་དང་ མི་སྡེ་ལས་ཚོགས་ བཟོ་གྲྭ་ཁང་ ཁྲོམ་སྡེ་ དེ་ལས་ གཞུང་གི་ ལས་ཁུངས་ དེ་ལས་ ལྷན་ཁག་ཚུ་ ག་དེ་སྦེ་ ཁྱད་པར་ཕྱེ་ནི་སྨོ་ཟེར་ཨིན་པས།
ད་རེས་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལས་བྱེདཔ་༣༥༠ ལྷགཔ་ཅིག་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *