སྤྱི་ལོ་༢༠༢༠ ཟླ་༡ པའི་ཚེས་༡ ལུ་ ཐིམ་ཕུག་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ནང་ ཁྲལ་བཏབ་མི་ ལེ་ཤ་མ་འོངམ་ལས་ དུས་རྒྱུན་གྱི་ གནས་སྟངས་བཟུམ་མཐོངམ་ཨིན་པས།

ཁྲལ་བཏབ་མི་ཚུ་གིས་ དུས་ཚོད་མཇུག་ལུ་ སྒུག་ནི་མེན་པར་ ཁྲལ་ཧ་སུ་བཏབ་དགོ་ནི།

༉ འབྲུག་མི་ཚུ་གིས་ ཁྲལ་བཏབ་ནི་དང་ ཁྲལ་གྱི་རྩིས་ཁྲ་བཙུགས་ནིའི་དོན་ལུ་ དུས་ཚོད་ན་འཐན་མཇུག་བསྡུ་རནམ་ད་ ག་ཐོབ་རྐྱབ་མི་དེ་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་ཏེ་འདུག།
ཨིན་རུང་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ སྤྱི་ལོ་༢༠༢༠ ཟླ་༡ པའི་ཚེས་༡ ལས་ ཁྲལ་བཏབ་ནིའི་ དུས་ཚོད་འགོ་བཙུགས་པའི་ ཉིནམ་དང་པའི་ནང་ ཐིམ་ཕུག་འོང་འབབ་དང་ ཅ་དམ་ལུང་ཕྱོགས་ཡིག་ཚང་ནང་ རང་སོའི་འབབ་ཁུངས་ཀྱི་ཁྲལ་ ཧ་སུ་བཏབ་མི་ བརྒྱ་ལྷགཔ་ཅིག་དང་ ཚོང་འབྲེལ་འོང་འབབ་ཀྱི་ ཁྲལ་བཏབ་མི་༤༡ ལྷོད་ཡོདཔ་ཨིན་པས།
འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ སྤྱི་ཟླ་༡ པའི་ཚེས་༡ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ལུང་ཕྱོགས་༨ ལས་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་བཏབ་མི་༡༤༣ དང་ ཚོང་འབྲེལ་འོང་འབབ་ཀྱི་ ཁྲལ་བཏབ་མི་༤༡ ལྷོད་ཡོད་པའི་ གནས་ཐོ་བཀོད་ནུག།
ན་ཧིང་ ཚེས་གྲངས་དེ་ནང་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་བཏབ་མི་༡༢༠ དང་ ཚོང་འབྲེལ་འོང་འབབ་ཀྱི་ ཁྲལ་བཏབ་མི་༡༨ ཐོ་བཀོད་འབད་མི་དང་ཕྱདཔ་ད་ དུས་ཅི་ མངམ་འོང་ཡོདཔ་ཨིན་པས།
ཨིན་རུང་ ཉིནམ་དང་པའི་ནང་ ཐིམ་ཕུག་ལུ་ འོང་འབབ་དང་ ཅ་དམ་ཡིག་ཚང་གི་ ཁྲལ་བདག་སྐྱོང་སྡེ་ཚན་ནང་ མི་ལེ་ཤ་སྤུངས་འཛོམས་འབད་དེ་མེདཔ་ལས་ དུས་རྒྱུན་གྱི་ གནས་སྟངས་བཟུམ་སྦེ་ མཐོང་གསལ་བྱུང་ཡོདཔ་ད་ ཁྲལ་གྱི་རྩིས་ཁྲ་བཙུགས་པར་ འོང་མི་ཚུ་ཡང་ དུས་ཡུན་ཆུ་ཚོད་༡ ཡང་ བསྒུགས་དགོཔ་ མ་བྱུང་པས།
འབྲུག་ལཱ་གཡོག་འབད་མི་དང་ ཚོང་འབྲེལ་འཐབ་མི་ཚུ་གིས་ འོང་འབབ་ཀྱི་ འབྱུང་ཁུངས་༦ ལས་༡ ཡང་ཅིན་ དེ་ལས་ལྷགསྟེ་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ ལས་ལྷག་སྟེ་ བཟོ་བ་ཅིན་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་བཏབ་དགོཔ་ཨིན་པས།
འོང་འབབ་ཀྱི་ འབྱུང་ཁུངས་༦ པོ་དེ་ཡང་ དངུལ་ཕོགས་དང་ ཁང་གླ་ བགོ་བཤད་ཁེ་སང་གི་འོང་འབབ་ དངུལ་སྐྱེད་ཀྱི་འབབ་ཁུངས་དང་ དངུལ་ཐོག་བཙོང་མི་ལས་ཐོབ་མི་འོང་འབབ་ དེ་ལས་ འབྱུང་ཁུངས་གཞན་ལས་ཐོབ་མི་ འོང་འབབ་ཚུ་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ མི་ཚུ་གིས་ རང་སོའི་ཁྲལ་ཚུ་ དུས་ཚོད་མཇུག་བསྡུ་རནམ་ད་ བཏབ་ནི་ཡོད་ཟེར་ཨིནམ་ད་ ཁྲལ་ཚུ་ ཧ་སུ་སྦེ་ བཏབ་པ་ཅིན་ སྟབས་བདེ་དྲགས་ཡོད་མི་དེ་ཡང་ འབྲེལ་ཡོད་དཔོན་ཚུ་གིས་ ངོ་རྐྱང་ཚུ་ལུ་ ལེགས་ཤོམ་སྦེ་ ཆ་རོགས་འབད་ཚུགས་ནི་དང་ ཁྲལ་བཏབ་མི་ཚུ་ དུས་ཚོད་མཇུག་ཚུན་ཚོད་ སྒུག་མ་སྡོད་པ་ཅིན་ ལོག་འཐོབ་ནི་ཡོད་མི་ཚུ་ཡང་ དུས་ཚོད་ཁར་ སྤྲོད་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ ལོ་གསར་གྱི་ བདུན་ཕྲག་དང་པའི་ནང་ ཅ་དམ་ཡིག་ཚང་ནང་ ཁྲལ་བཏབ་མི་ལེ་ཤ་མེདཔ་ད་ ཞབས་ཏོག་སྤྱོད་ཚུགས་པར་ ལཱ་ཁག་ཡོད་མི་དེ་ཡང་ འབྱུང་ཁུངས་ལས་བཏོག་པའི་ ཁྲལ་གྱི་ལག་ཁྱེར་དང་ འོང་འབབ་ཀྱི་ཁ་གསལ་ དེ་ལས་ དངུལ་འབྲེལ་ལས་ཁུངས་ཚུ་ལས་ ཡིག་ཆ་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ནི་དེ་གིས་ ཧ་སུ་སྦེ་ ཁྲལ་གྱི་རྩིས་ཁྲ་བཙུགས་མི་དོ་ཡོདཔ་ཨིན་པས།
ལས་འཛིན་ཅིག་ནང་ ལཱ་འབད་མི་ ཨོ་རྒྱན་གྱིས་ སླབ་མིའི་ནང་ ན་ཧིང་ ཁྲལ་གྱི་རྩིས་ཁྲ་ དུས་ཚོད་ཁར་ བཙུགས་མ་ཚུགསཔ་ལས་ ཁྲལ་གྱི་འགོ་དཔོན་ཚུ་ལས་ ཉེན་བརྡ་ཐོབ་མི་ལུ་བརྟེན་ དུས་ཅི་ ཁོ་ར་ ཁྲལ་བཏབ་མི་ མི་ངོམ་དང་པ་ འཐོན་ནི་གི་ རེ་བ་བསྐྱེད་དེ་ སྤྱི་ལོ་༢༠༡༩ ལུ་ སྐྱིན་ཚབ་བཏབ་པའི་ ཁ་གསལ་ཚུ་ ཕབ་ལེན་འབད་ནིའི་དོན་ལས་ སྤྱི་ཟླ་༡༢ པའི་ཚེས་༣༠ ལུ་ རྒྱལ་ཡོངས་དགོངས་ཞུ་དང་ འཚོ་རྟེན་མ་དངུལ་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་བལྟཝ་ད་ སྐྱིན་ཚབ་ཀྱི་ ཁ་གསལ་ཚུ་ སྤྱི་ལོ་༢༠༡༨ ཚུན་རྐྱངམ་གཅིག་ གསལ་བཀོད་འབད་ནུག་ཟེར་ཨིན་པས།
འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ལས་སྡེ་གཞན་ཚུ་དང་ མཉམ་འབྲེལ་ཐོག་ ཁྲལ་བཏབ་མི་ཚུ་ལུ་ ཆ་རོགས་འབད་དགོཔ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་མས།
ཁྲལ་བཏབ་མི་ཚུ་གིས་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱི་ ཡིག་ཚང་ཚུ་ནང་ ཡིག་ཚང་གི་ དུས་ཚོད་སྐབས་ འབྱོན་ཐོག་ལས་ ཞབས་ཏོག་ཚུ་ སྤྱོད་གནང་ཟེར་ ཁྲལ་གྱི་འགོ་དཔོན་ཚུ་གིས་ ཞུ་བ་འབདཝ་མ་ཚད་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ ཁྲལ་གྱི་བཙུགས་ཁྲ་བཙུགས་ནི་གི་ གདམ་ཁ་རྐྱབ་མི་ཚུ་གིས་ དོགས་སེལ་དང་ རྒྱབ་སྐྱོར་ལེན་ཐབས་ལུ་ ཁྲལ་བཏབ་མི་བརྡ་དོན་ལྟེ་བ་ལུ་ བརྒྱུད་འཕྲིན་ཨང་༣༩༩༩ གི་ཐོག་ལས་འབྲེལ་བ་འཐབ་གནང་ཟེར་ ཞུཝ་ཨིན་པས།
ན་ཧིང་ ངོ་རྐྱང་བསྡོམས་༦༡,༡༣༠ གིས་ རང་སོའི་འབབ་ཁུངས་ཀྱི་ རྩིས་ཁྲ་བཙུགས་ཡོདཔ་ད་ ཁྲལ་བཏབ་མི་ཚུ་གི་ དངུལ་ཕོགས་ཡར་སེང་འབད་མི་དང་བསྟུན་ དུས་ཅི་ ཁྲལ་བཏབ་མི་ ཡར་སེང་འགྱོ་ནི་གི་ འོས་འབབ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རང་སོའི་འབབ་ཁུངས་ཀྱི་ཁྲལ་དང་ ཚོང་འབྲེལ་འོང་འབབ་ཀྱི་ཁྲལ་ ལས་འཛིན་གྱི་ འོང་འབབ་ཁྲལ་ཚུ་གི་ རྩིས་ཁྲ་བཙུགས་ནི་ཚུ་ སྤྱི་ཟླ་༡ པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་ད་ རང་སོའི་འབབ་ཁུངས་ཁྲལ་གྱི་ རྩིས་ཁྲ་བཙུགས་ནི་གི་ དུས་ཚོད་དེ་ སྤྱི་ཟླ་དང་པའི་ཚེས་༡ ལས་ སྤྱི་ཟླ་༢ པའི་ཟླ་མཇུག་ཚུན་ཨིནམ་བཞིན་དུ་ ལས་འཛིན་དང་ ཚོང་འབྲེལ་འོང་འབབ་ཁྲལ་གྱི་ རྩིས་ཁྲ་བཙུགས་ནི་དེ་ སྤྱི་ཟླ་༣ པའི་ཚེས་༣༡ ཨིན་པས།
གལ་སྲིད་ ཁྲལ་གྱི་རྩིས་ཁྲ་ཚུ་ གསལ་བཀོད་འབད་ཡོད་པའི་ ཚེས་གྲངས་ཀྱི་ཤུལ་ལས་ བཙུགས་པ་ཅིན་ ཉིནམ་རེ་ལུ་ ཉེས་ཆད་དངུལ་ཀྲམ་༡༠༠ རེ་དང་ ཁྲལ་ཕོག་མི་དངུལ་འབོར་གུ་ ཉེས་ཆད་ཀྱི་སྐྱེད་བརྒྱ་ཆ་༢༤ བཀལ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ རྟ་མགྲིན་དབང་མོ་ བསོད་ནམས་ལྷ་མོ་ ཆོས་རྒྱལ་གཡུ་སྒྲོན།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *