ཁྱི་ཉལ་གཡུས་ཚན།

ཁྱི་ཉལ་གཡུས་ཚན་ དཔེ་སྟོན་གྲོང་གཡུས་སྦེ་ ལོག་ངོས་འཛིན་འབད་ཡོདཔ།

༉ བཀྲིས་གཡང་རྩེ་ སྟོད་ཚོ་རྒེད་འོག་གི་ ཉེ་འདབས་ལུ་ཡོད་པའི་ ཁྱི་ཉལ་གཡུས་ཚན་དེ་ དཔེ་སྟོན་གྲོང་གཡུས་སྦེ་ བཟོ་ནིའི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ ལོག་སྟེ་ར་ ངོས་འཛིན་འབད་ནུག།
ཁྱི་ཉལ་གཡུས་ཚན་དེ་ ཧེ་མ་ཡང་ དཔེ་སྟོན་གྲོང་གཡུས་སྦེ་ ངོས་འཛིན་འབད་ཡོད་རུང་ དཔེ་སྟོན་གཡུས་ཚན་ཟེར་སླབ་སའི་ གཞི་གནད་ཅིག་མེདཔ་ལས་ མཐུན་རྐྱེན་ཚུ་བཙུགས་ནི་དང་ དཔེ་བལྟ་བཏུབ་ཅིག་སྦེ་ བཟོ་ནིའི་དོན་ལུ་ ལོགས་སུ་སྦེ་ར་ ངོས་འཛིན་འབད་ཡོདཔ་ཨིན་པས།
མི་མང་ཤོས་ཀྱིས་ དབང་འདུས་ཕོ་བྲང་ རིན་ཆེན་སྒང་གཡུས་ཚན་དང་ ཁྱི་ཉལ་གཡུས་ཚན་༢ ངོ་འཛོལ་དོ་ཡོདཔ་ད་ དེ་ཡང་ ཁྱིམ་ཚུ་ག་ར་ གཅིག་ཁར་སྤུངས་ཏེ་ ཡོད་ནི་དེ་གིས་ཨིན་པས།
སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱི་ཉལ་གྲོང་གཡུས་དཔེ་སྟོན་ཟེར་ ཧེ་མ་ལས་ དཔེ་སྟོན་གྱི་གཡུས་ཚན་སྦེ་ ངོས་འཛིན་འབད་ཡོད་རུང་ མཐར་འཁྱོལ་ཅན་སྦེ་ གཞི་བཙུགས་འབད་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ཁྱི་ཉལ་གཡུས་ཚན་ནང་ ས་གོའི་སྟབས་མ་བདེཝ་ཡོདཔ་ལས་ ཁྱིམ་གུང་པ་ག་ར་ལུ་ གཙང་སྦྲ་འཕྲོད་བསྟེན་བཏོན་ཐབས་ལུ་ གསང་སྤྱོད་བཟོ་ནིའི་ ཅ་ཆས་ཚུ་སྤྲོད་ཡོདཔ་བཞིན་དུ་ ད་རེས་ ག་ར་གིས་ ཆུ་བཤལ་རྐྱབ་བཏུབ་པའི་གསང་སྤྱོད་ཚུ་ རྐྱབ་ཚར་ཏེ་ཡོད་ཟེར་ཨིནམ་ད་ འཐུང་ཆུ་ཉམས་བཅོས་འབད་ནིའི་ འཆར་གཞི་ཡང་ ཡོད་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ རྫོང་ཁག་གི་རྒྱབ་སྐྱོར་ལུ་བརྟེན་ ནང་འཁོད་རྐང་ལམ་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ མ་དངུལ་བཞག་སྟེ་ཡོདཔ་ད་ ལྕགས་ཤོག་གི་ཚོན་ཚུ་ཡང་ གཅིག་མཚུངས་གཏང་བཅུག་ནིའི་ འཆར་གཞི་འདུག།
གཙང་སྦྲ་དང་ ནང་འཁོད་རྐང་ལམ་ དེ་ལས་ འཐུང་ཆུ་ཉམས་བཅོས་ཀྱི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༠.༦ དེ་ཅིག་ ཆ་འཇོག་གྲུབ་སྟེ་ཡོད་ཟེར་ རྒཔོ་གིས་བཤད་པའི་ཁར་ ལྟ་བཤལ་གོང་འཕེལ་ལས་རིམ་ནང་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༥༠ ལང་མི་ དཀར་སངས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དཔེ་སྟོན་གྲོང་གཡུས་ནང་ སྒྲིག་གཞི་ལམ་ལུགས་ཡང་ སྒྲིང་སྒྲི་བཟོ་སྟེ་ཡོད་ཟེར་ཨིནམ་ད་ གཡུས་སྒོ་ནང་ རྩྭ་སྐམ་གྱི་རིགས་སུ་གྱུར་པ་དང་ རྟ་ནོར་སེམས་ཅན་ཚུ་ གཏང་མ་ཆོག་པའི་ཁར་ གཙང་སྦྲ་བཏོན་དགོ་པའི་སྐོར་ལས་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་ དཔེ་སྟོན་གྲོང་གཡུས་སྦེ་བཟོ་བའི་སྐབས་ མི་སེར་ཚུ་གིས་ ཕགཔ་ལ་སོགས་པ་ཚུ་ཡང་ གཡུས་ཚན་ནང་ གསོ་སྐྱོང་འབདཝ་ལས་ གཙང་སྦྲ་བཏོན་མ་ཚུགས་པས་ཟེར་ཨིནམ་ད་ ད་རེས་ གཙང་སྦྲའི་ཐད་ཁར་ ཡར་དྲག་སོང་སྟེ་ཡོད་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་དང་འཁྲིལ་བ་ཅིན་ ལྟ་བཤལ་གྱི་དོན་ལུ་ གཡུས་ཚན་ནང་ ནང་འཁོད་སྡོད་གནས་བཟོ་ནི་ཨིནམ་ད་ མ་འོངས་པའི་ནང་ ལྟ་བཤལ་འཁྱམས་སའི་ ས་ཁོངས་ཅིག་ཡང་ བཟོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
རྒཔོ་བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ ཧེ་མ་ ཁྱི་ཉལ་གཡུས་ཚན་ནང་ ཕྱི་རུ་ཁམས་ཅིག་ལུ་ ཁྱིམ་གུང་པ་ག་ར་ལས་ མི་རྒས་གཞོན་མེད་པར་ མཆོད་རྟེན་གྱི་སྦོ་ལོགས་ཁར་ མ་ཎི་བགྱང་སྲོལ་ཡོད་མི་དེ་ཡང་ ལོག་སྟེ་ ཉམས་གསོ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁྱི་ཉལ་གཡུས་མི་ཚུ་ ཡོངས་གྲགས་ཅན་གྱི་གཡུས་ཆུམ་ དབང་འདུས་དཀརམོ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ་ད་ ས་གནས་ཀྱི་ སྦོ་ལོགས་ཁར་ཡོད་པའི་ འབྱ་ཞིང་དེ་ གསེར་གྱི་གཞོངམ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ཨིན་པས།
ཁྱི་ཉལ་ཟེར་ སླབ་དགོ་པའི་རྒྱབ་ཁུངས་དེ་ཡང་ བཀྲིས་གཡང་རྩེ་ རིན་ཆེན་སྒང་ལུ་ཡོད་པའི་ ཕྱུགཔོ་བརྒྱ་ལྷ་གི་རྒྱུ་ནོར་ཚུ་ དབང་ཚད་ཡོད་མི་ཚུ་གིས་ འཕྲོག་བཅོམ་འབད་དེ་ དྲེགས་མ་ཚུགས་པར་ བོད་ལུ་ བྱོག་འགྱོ་ནིའི་དོན་ལས་ ཁྱི་ཉལ་གཡུས་ཚན་ནང་ གནསཔོ་བརྙའ་སྟེ་ སྡོད་ནུག་ཟེར་ཨིནམ་ད་ དེའི་ནངས་པར་ གཡུས་ཚན་དེ་ནང་ རོ་ཁྱི་ཅིག་གིས་ ཉན་མ་བཏུབ་པར་ རྡོ་གུ་ཉལ་སྡོདཔ་ལས་ གཡུས་ཀྱི་མིང་ཡང་ ཁྱི་ཉལ་ཟེར་ བཏགས་ནུག་ཟེར་ རྒས་ཤོས་ཚུ་གིས་ བཤདཔ་ཨིན་པས།
ད་རེས་ ཁྱི་ཉལ་གཡུས་ཚན་གྱི་མཇུག་ལུ་ རྡོ་གུ་ རོ་ཁྱི་ཉལ་སྡོད་སའི་ ཤུལ་ཡོདཔ་ད་ ཆ་ཤས་ཅིག་ ཁྱིམ་རྐྱབ་པའི་སྐབས་ སྤོག་འབག་ཡོདཔ་ཨིན་པས།
སྐྱེས་ལོ་༧༨ ལང་མི་ ཆོས་བཟང་གིས་ སླབ་མིའི་ནང་ ཁྱི་ཉལ་གྲོང་གཡུས་དེ་ བྱ་རྡུགས་ཕོ་མོ་བརྒྱ་གིས་ འགོ་དང་པ་ གཞི་ཆགས་ནུག་ཟེར་ཨིནམ་ད་ ད་ལྟོ་ ཁྱིམ་རྐྱབ་པའི་སྐབས་ ས་གནས་དེ་ཁ་ལས་ རྡོ་ལངམ་སྦེ་ འཐོབ་ནི་ཡོད་པའི་ཁར་ ཧིའུ་དང་ རང་འཐག་རྡོ་ཚུ་ ལེ་ཤ་མཐོང་ནི་ཡོད་ཟེར་ཨིན་པས།
དེ་མ་ཚད་ བྱང་ཕུག་རྩེ་འགྱོ་སའི་ལམ་ཁར་ ཁྱི་སྒོར་པོ་ཟེར་ རོ་ཁྱི་གིས་ གཡུས་ཚན་ལུ་ ལོག་བལྟ་སྡོད་པའི་ རོ་ཁྱི་གི་རྣམ་པ་སྦེ་ རྡོ་ཅིག་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དང་ཕུ་ བྱང་ཕུག་རྩེ་དང་ ཁྱི་ཉལ་གང་རུང་ཅིག་ལས་ གནསམོ་ཁྱིད་འོང་པའི་སྐབས་ རོ་ཁྱི་གིས་ མ་མཐོངམ་སྦེ་ འོང་དགོ་ཟེར་ཨིནམ་ད་ གལ་སྲིད་ རོ་ཁྱི་གིས་མཐོང་པ་ཅིན་ གནསམོ་ཡང་ གནམ་མེད་ས་མེད་ མིག་ཏོ་ཚ་མི་འོང་ཟེར་ རྒས་ཤོས་ཚུ་གིས་ སྲུང་སྦེ་བཏང་སྲོལ་འདུག་ཟེར་ཨིན་པས།
རྒན་ཤོས་ཚུ་དང་འཁྲིལ་བ་ཅིན་ ཁྱི་ཉལ་གཡུས་ཚན་དང་ རྒྱ་གར་གྱི་མངའ་སྡེ་ ཏ་ཝང་དང་ བཟང་མཁར་ དེ་ལས་ བྱང་ཕུག་རྩེ་གཡུས་ཚན་༣ གྱི་མི་ཚུ་ མི་རིགས་གཅིག་དང་ ཁ་སྐད་གཅིག་ དེ་ལས་ མནོ་ཐངས་ཡང་གཅིག་ཨིན་ཟེར་ བཤད་སྲོལ་འདུག།
ཁྱི་ཉལ་ལུ་ དབང་འདུས་དཀརམོ་ཡང་ ས་གནས་ནང་ ཕྱུགཔོ་པདྨ་བསམ་གྲུབ་དང་ འབྲེལ་མཐུན་ཡོད་མི་ སྐུར་སྟོད་སྨིན་རྗེ་ལས་ ཚོང་པ་སྟོབས་རྒྱས་ཀྱིས་ དབང་འདུས་དཀརམོ་གི་ སོན་བྱིན་པའི་ཤུལ་ལུ་ ས་གནས་ནང་ དར་ཁྱབ་སོང་ནུག་ཟེར་ རྒས་ཤོས་ཚུ་གིས་ བཤདཔ་ཨིན་པས།
ས་གནས་ནང་ གཡུས་ཆུམ་དབང་འདུས་དཀརམོ་ བྲེ་གང་ལུ་ དངུལ་ཀྲམ་༡༠༠ རེ་སླབ་དོ་ཡོདཔ་ད་ ད་རེས་ནངས་པ་ སོ་ནམ་པ་ མང་ཤོས་ར་ གཡུས་ཆུམ་དེ་ལུ་བརྟེན་ འོང་འབབ་བཟོ་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *