ཁེངས་བུ་ལི་ལུ་ཡོད་པའི་ མཚོ་སྨན་ཀུན་ཏུ་བཟང་མོའི་ཕོ་བྲང་ བུ་ལི་མཚོ།

ཁེངས་བུ་ལིའི་ མི་སེར་ཚུ་གི་ སྐྱབས་མགོན་ཨིན་མི་ བུ་ལི་མཚོ་སྨན་ཀུན་ཏུ་བཟང་མོའི་ལོ་རྒྱུས།

༉ གཡུས་ཚན་ནང་ ཆརཔ་དང་སེར་རླུང་གི་འཇིགས་པ་ ལོ་ཐོག་ལུ་གནོད་སྐྱོན་ དེ་ལས་ མིའི་ཚེ་སྲོག་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ བར་ཆད་བྱུང་པ་ཅིན་ གཡུས་མཚོ་ལུ་ གྲིབ་ཕོག་སྟེ་ མཚོ་སྨན་རྒྱལ་མོ་ཁྲེལ་མི་ལུ་བརྟེན་ཨིནམ་སྦེ་ ས་གནས་ཀྱི་ མི་ཚུ་གིས་ ཡིད་ཆེས་བསྐྱེདཔ་ཨིན་པས།
དེ་འབདཝ་ལས་ ཡོངས་གྲགས་ལུ་ བུ་ལི་མཚོ་ཟེར་ སླབ་མི་དེ་ མཚོ་སྨན་ཀུན་ཏུ་བཟང་མོའི་ ཕོ་བྲང་ངམ་ མཚོ་མཇལ་བར་ འགྱོ་མི་ཚུ་ རང་ལུགས་ཀྱི་གྱོན་ཆས་ གོ་དང་དཀྱི་ར་གྱོན་ཏེ་ འགྱོ་དགོཔ་བཞིན་དུ་ ཕྱི་ལུགས་ཀྱི་ ཆས་སྒྲིག་སྟེ་ འགྱོ་ནི་དང་ ཨམ་སྲུས་ཟླ་ཁྲག་འོང་མི་ དེ་ལས་ གཡུས་ཁར་སྐྱེས་གྲིབ་དང ཤི་གྲིབ་སྐབས་ འགྱོ་ནི་དེ་ འཛེམ་དགོཔ་ཨིན་པས།
ད་རུང་ མཚོ་མཇལ་བར་འགྱོཝ་ད་ རླུང་དར་འཕྱར་ནི་དང་ བཟོ་བསྒྱུར་འབད་མི་ དེང་སང་གི་ཨོམ་དང་ གསེར་སྐྱེམས་ཆང་ཚུ་ ཕུལ་མ་བཏུབ་པའི་ཁར་ མཚོའི་ཉེས་འདབས་ལུ་ ཏམ་ཁུ་འཐུང་ནི་དང་ ཚིལ་མ་དང་ གློ་ཚིལ་བཀོག་ནི་ རྐངམ་ལགཔ་ཆུ་འཁྱུ་ནི་ ཤའི་རིགས་ཟ་ནི་ དེ་ལས་ ཆབ་གསང་ག་ལྷོད་སར་གཏང་ནི་དང་ ཕྱགས་སྙིགས་ག་ལྷོད་སར་བཀོག་ནི་ ཤིང་བཏོག་ནི་ཚུ་ མི་བཏུབ་དོ་ཡོདཔ་ཨིན་པས།
བུ་ལིའི་མི་ཚུ་གིས་ མཚོ་སྨན་གྱི་དོན་ལུ་ ཕྱགསམ་འཕྱག་མི་ ཁེངས་ཁ་ནང་ལས་ ཕིག་སང་མ་ཟེར་ འདམ་བྱ་༡༠༨ ཡོད་མི་ཚུ་གིས་ མཚོའི་་ལྟག་ལུ་ ཆགས་ཏེ་ཡོད་པའི་ གཤོག་འདབ་ཚུ་འཕྱགས་ཏེ་ ཧིང་སངས་ས་བཟོཝ་ཨིན་ཟེར་ བཤདཔ་ཨིན་པས།
ཁེངས་བུ་ལི་ཁྲོམ་ལས་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་༡༥ དེ་ཅིག་དང་ ཕྲང་ལམ་བདའ་སྟེ་ རྐང་སྟོང་སྦེ་ འགྱོ་བ་ཅིན་ དུས་ཡུན་སྐར་མ་༣༠ གི་ས་ཁར་ གཡུས་ཀྱི་ལྷོ་ཁ་ཐུག་ལུ་ བེར་སྤང་ཟེར་སར་ སྔོ་ཤིང་དང་ ནགས་ཚལ་གྱིས་བསྐོར་བའི་སྦུག་ལུ་ ག་ནི་བ་ ཡ་མཚན་ཆེ་ཏོག་ཏོ་དང་ གཟི་བརྗིད་དང་ལྡནམ་སྦེ་ མཚོ་སྨན་ཀུན་ཏུ་བཟང་མོའི་ ཕོ་བྲང་ཆགས་ཏེ་འདུག།

རྒྱ་ཚད་ཨེ་ཀར་༤.༤ དེ་ཅིག་ཡོད་མི་ བུ་ལི་མཚོ་གི་མཐའ་འཁོར་ ཕྱོགས་བཞི་མཚམས་བརྒྱད་ལུ་ མཚོའི་བདག་མོའི་འཁོར་ ཁེངས་ཁ་ནང་ སྒོ་རས་པ་ཟེར་ སྒོ་སྲུང་མི་ ཨར་མོ་མ་རྒན་ལྷ་མོ་ རོང་ལའི་ལྷ་བཙན་དཀར་པོ་ འགྲམ་གནས་དཔའ་བོ་ གསང་སྔགས་རིན་ཆེན་ གཏོམས་སྟང་ ཚུལ་ཁྲིམས་ལྡན་པ་ ཨོ་སྦི་ སྡིག་པ་རས་ཆེན་ རྨིགས་པ་རས་ཆེན་ལ་སོགས་པའི་ མཚོ་ཆུང་ཀུ་བསྡོམས་ཀྱིས་༡༠༥ ཡོད་པའི་ཁར་ སྨན་མོའི་ལྷ་ཁང་ རྒྱུ་དངུལ་གྱི་བང་མཛོད་ རྟ་ རོ་ཁྱི་ བྱ་པོད་དང་ ཐགས་ཤིང་ལ་སོགས་པ་ཚུ་ རྡོའི་གཟུགས་སུ་སྦེ་ མཇལ་ཚུགས་པས།
མཚོ་སྨན་གྱི་རྣམ་པ་དེ་ཡང་ སྐུ་སྨད་སྦུལ་གྱི་སྟེང་དུ་ སྐུ་སྟོད་མི་ སྐུ་མདོག་དཀརཔོ་ ཞལ་འཛུམ་མཛེས་པའི་གུ་ མེ་ཏོག་གི་ ཕྲེང་བ་གིས་བརྒྱན་ཏེ་ སྦྲུལ་མགོའི་གདེངས་ཀ་ཅན་ སྐུ་ལུ་ན་བཟའ་ དར་དང་གོས་ཆེན་གྱེས་བརྒྱན་ཏེ་ རིན་པོ་ཆེ་སྣ་ཚོགས་ གཡུ་དང་བྱི་རུ་ མུ་ཏིག་ལ་སོགས་པའི་རྒྱན་ཆ་བཏགས་ཏེ་ཡོདཔ་སྦེ་ ས་གནས་ཀྱི་ མི་ཚུ་གིས་ སླབ་ནི་འདུག།

མཚོ་སྨན་ཀུན་ཏུ་བཟང་མོ་དེ་ ཁེངས་བུ་ལིའི་ མི་སེར་ཡོངས་ཀྱི་ སྐྱབས་གནས་ཀྱི་ ལྷ་གཅིག་ཨིནམ་བཞིན་དུ་ མི་ཚུ་གིས་ སྨན་མོ་འདི་ལུ་ གསོལ་མཆོད་དེ་ཡང་ རང་ཟླ་༥ པའི་ཚེས་༡༥ ལུ་ ས་གནས་སར་ཕད་སྤོངས་ཀྱི་ལྟག་ལུ་ སྨན་མ་བྲང་ཟེར་སར་ ཕུལ་དོ་ཡོདཔ་ཨིན་པས།
གསོལ་མཆོད་དེ་ཡང་ གཙོ་བོ་ར་ རྐྱེན་ངན་བར་ཆད་སེལ་ནི་དང་ གནམ་བྱཱར་ཟླཝ་༥ པ་ལས་འགོ་བཟུང་ སོ་ནམ་པ་ཚུ་ ལྕངམ་བཏབ་པའི་ དུས་ཚོད་འབདཝ་ལས་ སྨན་མོ་ཀུན་ཏུ་བཟང་མོ་ལུ་ གནམ་ཁ་ལས་ སེརཝ་འབབ་མ་བཅུག་ བར་ན་ལས་ རླུང་འཚུབས་འཕུ་མ་བཅུག་ ཆར་ཆུ་དུས་སུ་འབབ་ནི་དང་ ལོ་ཐོག་བཏབ་མི་ཚུ་ལུ་ འབུབ་གྱོག་མོ་ལས་འགོ་བཟུང་ རིགས་དྭགས་སེམས་ཅན་གྱི་ གནོད་པ་ཚུ་ ག་ནི་ཡང་ འབྱུང་མ་བཅུག་ཟེར་ སྨོན་ལམ་བཏབ་པའི་ཁར་ རང་སོའི་ཚེ་དང་ བསོད་ནམས་འཕེལ་ཞིནམ་ལས་ དབང་ཐང་དང་ རླུང་རྟ་རྒྱས་ནི་ བྱ་བ་ལམ་འགྲོ་ཚུ་ བསམ་པ་ཇི་བཞིན་དུ་ འགྲུབ་ཐབས་ལུ་ གསོལ་ཁ་ཕུལཝ་ཨིན་པས།
དེ་བཟུམ་སྦེ་ གནམ་དགུན་རང་ཟླ་༡༠ པའི་ཚེས་༡༥ ལུ་ བུ་ལི་མཆོད་པའི་སྐབས་ མི་མང་གིས་ མཚོ་སྨན་མོ་ལུ་ གསོལ་ཁ་ཕུལ་སའི་ ས་ཁོངས་ནང་ མོ་གི་ཐུགས་རྗེ་བྱིན་བརླབས་ལུ་བརྟེན་བཏབ་པའི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ གནོད་སྐྱོན་མེད་པར་ ལེགས་ཤོམ་སྦེ་ བསྡུ་ཚུགསཔ་ཅིག་ཟེར་ གུས་བཏུད་ཀྱི་ གསོལ་མཆོད་ཕུལཝ་ཨིན་པས།
གཞན་ཡང་ གཡུས་ཁའི་ཚེས་བཅུ་ དུས་མཆོད་དང་ རང་སོའི་ཁྱིམ་ནང་ ལོ་ཆོག་བཏང་བའི་སྐབས་ལུ་ ཁྱིམ་གུང་པ་རེ་རེ་བཞིན་དུ་གིས་ རང་གི་རྐྱེན་བར་ཆད་སེལ་ནི་དང་ བྱ་བ་ལམ་འགྲོ་བཟང་ནིའི་དོན་ལུ་ མཚོའི་ལྷ་མོ་ལུ་ གསོལཝ་བཏབ་ཨིན་པས།
མཚོ་མཇལ་བར་འགྱོ་ནིའི་ དུས་ཚོད་དེ་ཡང་ རང་ཟླ་༨ པའི་ཚེས་༡ ལས་ རང་ཟླ་༡༠ པའི་༡༤ ཚུན་མ་གཏོགས་ དུས་ཚོད་གཞན་ཚུ་ནང་ དམ་འགྱོ་རུང་ འགྱོ་ཆོག་དོ་ཡོདཔ་ད་ ཟླཝ་ཕྱེད་དང་གསུམ་གྱི་རིང་ མཚོ་དམ་ཟེར་ མི་འགྱོ་མ་ཆོག་པར་ བཀག་དམ་འབད་བའི་ཤུལ་ལུ་ རང་ཟླ་༡༠ པའི་ཚེས་༡༥ གི་དྲོ་པར་ ལྷ་བསང་ཁྲུས་གསོལ་དང་ རི་བོ་བསང་མཆོད་གནང་སྟེ་ མཚོ་མཇལ་བར་འགྱོ་ཆོག་པའི་ གནང་བ་བྱིནམ་ཨིན་པས།
དེ་སྦེ་ བཀག་དམ་འབད་དགོ་མི་དེ་ཡང་ ཀླུ་ལུ་གྲིབ་ཕོག་པ་ཅིན་ གནམ་ཁ་ལས་ སེལཝ་རྐྱབ་ནི་དང་ བར་ན་ལས་ རླུང་འཚུབས་འཕུ་ནི་ ས་ཁ་ལས་ ས་ཆུ་ཐོན་ཏེ་ ལོ་ཐོག་ལུ་ གནོད་པ་བྱུངམ་མ་ཚད་ སེམས་ཅན་དང་ མིའི་ཚེ་སྲོག་ལུ་ གནོད་ཉེན་འབྱུང་བའི་ རྣམ་རྟོག་བསྐྱེད་མི་ལུ་བརྟེན་ཏེ་ཨིན་པས།

མཚོ་མཇལ་བའི་སྐབས་ རང་གི་དད་པ་མོས་གུས་དང་ བསོད་ནམས་ ཁ་རྗེ་ལུ་བརྟེན་ མཚོ་སྨན་གྱིས་ མོ་རའི་ཕོ་བྲང་ ལྷ་དར་ དུང་དཀར་ མཆོད་མེ་ མེ་ཏོག་ལ་སོགས་པ་ཚུ་ མཇལ་ཁ་གནང་མི་དེ་ལུ་ བཟང་ངན་གྱི་ རྟགས་མཚན་བལྟཝ་ཨིནམ་ད་ ལྷག་པར་དུ་ མཚོ་དེ་ གནག་དུང་དུ་དང་ བཀྱག་མེདཔ་སྦེ་ མཇལ་བ་ཅིན་ རང་དང་ཉེ་འཁོར་ཚུ་ལུ་ རྟགས་ངན་པ་འབྱུང་ནིའི་ བརྡ་མཚོན་དང་ གལ་སྲིད་ མཚོ་དེ་ དྭངས་འཕྲོས་འཕྲོས་སྦེ་ མཇལ་བ་ཅིན་ རྟགས་མཚན་ལེགས་ཤོམ་སྟོནམ་ཨིན་ཟེར ཡིད་ཆེས་བསྐྱེདཔ་མ་ཚད་ མཚོ་སྨན་གྱི་ རང་སོའི་བསོད་ནམས་དང་ དད་མོས་དང་འཁྲིལ་ དངོས་གྲུབ་ དཔེར་ན་ དུང་དཀར་དང་ ཁྲོ་ཚུ་ གནང་བའི་ ངག་རྒྱུན་ལོ་རྒྱུས་ཡང་ བཤད་ནི་འདུག།
མཚོ་སྨན་གྱི་ལོ་རྒྱུས།
བུ་ལི་ལས་ སྐྱེས་ལོ་༥༨ ལང་མི་ ཕུན་ཚོགས་དོན་གྲུབ་ཀྱིས་ སླབ་མིའི་ནང་ མཚོ་སྨན་ཀུན་ཏུ་བཟང་མོ་དེ་ སྔོན་བོད་བྱང་ཤམ་བྷ་ལས་སྦེ་ འབྲུག་ཀུར་སྟོད་བརྒྱུད་དེ་ བུམ་ཐང་སྟང་ཀུན་བཟང་བྲག་དང་ ཞུ་རི་ལུ་ཕེབས་ད་ མཚོ་སྨན་སྐུ་ངལ་གནང་སྟེ་ ཨ་ལོ་ལུ་ཨོམ་བྱིན་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིནམ་ད་ ཨོམ་བྱིན་སའི་ ས་གནས་དེ་ ཞུ་རི་ལམ་འོག་ལུ་ ད་ལྟོའི་བར་ན་ཡང་ མཇལ་ནི་ཡོདཔ་ཨིན་པས།
ཞུ་རི་ལས་སྦེ་ བྲེ་ཏེ་ཡ་དང་ སྦུལ་སྒང་ལུ་ཕེབས་ད་ ད་རུང་ མཚོ་སྨན་སྐུ་ངལ་གནང་པའི་ཤུལ་ལུ་ སྦུལ་སྒང་བརྒྱུད་དེ་ ད་ལྟོ་ ཀྲོང་སྨད་ལུ་ཡོད་པའི་ ཨམ་ཆོས་ཉིད་བཟང་མོའི་ ཁྱིམ་ནང་བྱོན་ནུག་ཟེར་ཨིན་པས།
དེ་བསྒང་ མཚོ་སྨན་གྱིས་ ཨ་རྒས་ཅིག་ལུ་སྤྲུལ་ཏེ་བྱོནམ་ད་ ཁྱིམ་ནང་ཨང་རྒས་ཅིག་དང་འཕྱད་ཡོདཔ་བཞིན་དུ་ མཚོ་སྨན་གྱིས་ཨང་རྒས་ལུ་ གནསཔོ་བརྙ་གེ་ ང་མི་ཤོང་ག་ཟེར་དྲིཝ་ད་ ཨང་རྒས་ཀྱིས་ ཤོང་ཤོང་སྡོད་ཟེར་སླབ་ད་ མཚོ་སྨན་གྱིས་ ང་ནཱ་མེན་པར་ མཆོད་བཤམས་ནང་སྡོད་གེ་ཟེར་གསུངས་ཏེ་ ཨང་རྒས་ལུ་ ནང་པ་དྲོ་པར་ ང་ཧ་སག་ལོང་མི་ཚུགསཔ་འོང་ ང་མ་ལོང་ཚུན་ ཁྱོད་ཀྱིས་ སྒོ་ཕྱེ་ར་མ་ཕྱེ་སྨ་རེ་སླབ་སྟེ་ ཉལ་ནུག་ཟེར་ཨིན་པས།
དེ་ལས་ དྲོ་པ་ཆུ་ཚོད་༨ ལང་སོང་རུང་ ཨ་རྒས་དེ་ ལོང་ནི་མེདཔ་ལས་ ག་ཅི་འབད་དཔ་ཨིན་ན་ཟེར་ སྒོ་གི་དོང་ཅུང་ནང་ལས་བལྟཝ་ད་ མཆོད་བཤམས་ནང་ སྦུལ་གཅིག་གིས་གཅིག་གུ་བརྩེགས་ཏེ་ བརྒྱ་དང་སྟོང་སྦེ་ ཉལ་སྡོད་སའི་ལྟག་ལུ་ སྦུལ་རྭཝ་ཡོད་མི་ དཔྱལ་བར་གཡུ་བཀལ་མི་གཅིག་ དབུགས་སྐད་དང་སྦྲགས་ཏེ་ ཉལ་སྡོད་སར་ མཐོང་ཡོདཔ་ཨིན་པས།
ཧ་ལམ་ཅིག་ལས་ ལོང་པའི་ཤུལ་ མཚོ་སྨན་གྱིས་ ཨང་རྒས་ལུ་ ཁྱོད་མིག་གིས་མ་བལྟ་ཟེརན་ བལྟ་ཡི་ཟེར་སླབ་སྟེ་ ལོག་བྱོན་པའི་ཤུལ་ལུ་ ཨང་རྒས་དེ་ ལོག་མཆོད་བཤམས་ནང་འགྱོཝ་ད་ གཡུ་འབྲུག་དཀར་ཅིག་ བཞག་ནུག་ཟེར་ཨིནམ་ད་ གཡུ་དེའི་ བྱིན་བརླབས་ལས་བརྟེན་ ཁྱིམ་དེ་ནང་ ཉིནམ་གཅིག་བ་ཉིནམ་གཅིག་ ནོར་ལེ་ཤ་འཕེལ་ཡོད་རུང་ ཤུལ་ལས་ གཡུ་དེ་ བྱང་སྟོར་ཤོར་བའི་ དུས་ལས་འགོ་བཟུང་སྟེ་ ཁྱིམ་ནང་ ནོར་རིམ་པ་བཞིན་དུ་ རབས་ཆད་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག།
དེ་ལས་ མཚོ་སྨན་དེ་ ཨམ་ཆོས་ཉིད་བཟང་མོའི་ ཁྱིམ་ནང་ལས་ གཡུས་ཀྱི་སྦུག་ལུ་ ས་གནས་ གཟིཝ་ཁ་ཟེར་སར་ བཞུགས་ཡོདཔ་ད་ དེ་བསྒང་ གཡུས་ཁའི་མི་ཚུ་གིས་ མཚོ་ནང་རྟ་དང་མིའི་རོ་ཚུ་བབཀོག་སྟེ་ བཙོག་གྲིབ་བཟོ་མི་ལུ་བརྟེན་ཏེ་ ས་གནས་དེ་ཁ་ལས་ གནས་སྤོ་སྟེ་ གཡུས་ཀྱི་ལྷོ་ཁ་ཐུག་ལུ་ བེར་སྤང་ཨ་རིང་གི་མཇུག་ལུ་ ད་ལྟོ་ སྨན་མོའི་ལྷ་ཁང་ཡོད་སའི་ ས་ཁོངས་ནང་ཆགས་ཡོདཔ་ཨིན་རུང་ དེ་ནང་ཡང་ མི་ཚུ་ ཡར་མར་འགྱོཝ་ད་ བཙོག་གྲིབ་ཞུགས་ནི་དེ་གིས་ ད་ལྟོའི་ བཞུགས་སའི་ས་ཁོངས་ ནགས་ཚལ་སྟུག་དྲགས་དང་ མི་སྐད་ ཁྱི་སྐད་མེད་སའི་ ཤིང་གི་སྦུག་ལུ་ ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་ གཟི་བརྗིད་དང་ལྡནམ་སྦེ་ བཞུགས་ཡོདཔ་ཨིན་པས།
ད་རུང་ མཚོ་དེ་ སྔོན་དུས་རབས་༡༥ པའི་ནང་ གཏེར་སྟོན་ཆེན་པོ་ པདྨ་གླིང་པ་དང་ དུས་རབས་༡༢ པའི་ནང་ གཏེར་སྟོན་རྡོར་རྗེ་གླིང་པ་༢ བྱོན་ཏེ་ བྱིན་གྱིས་བརླབས་གནང་ཡོདཔ་མ་ཚད་ བླ་ཆེན་དམ་པ་ དཔེར་ན་ མགོན་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་ ཐུགས་སྲས་རིན་པོ་ཆེ་ གསུང་སྤྲུལ་རིན་པོ་ཆེ་ སྐྱབས་རྗེ་རྗེ་མཁན་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་དང་ ཀ་ཿཐོག་སི་ཏུ་རིན་པོ་ཆེ་ལ་སོགས་པའི་ བླ་ཆེན་མང་རབས་གཅིག་གིས་ ཞབས་ཀྱིས་བཅགས་གནང་པའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཙོས་པའི་ སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་དཔོན་ཁག་མང་རབས་ཅིག་ བྱོན་གནང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ མཚོ་ཉམས་སྲུང་གི་དོན་ལུ་ འབྲུག་བློ་གཏད་མ་དངུལ་གྱིས་ མཚོའི་མཐའ་སྐོར་ཏེ་ ལྕགས་ཀྱི་རཝ་བསྒོར་ཡོདཔ་མ་ཚད་ གཡུས་མི་ཚུ་གིས་ མཚོའི་ལྟ་རྟོག་པ་ཅིག་ཡང་ བསྐོ་བཞག་འབད་ཡོདཔ་ད་ ལྟ་རྟོག་པའི་ འགན་འཁུར་དེ་ མཚོ་མཇལ་བར་ འོང་མི་ཚུ་ལུ་ ལམ་སྟོན་འབད་ནི་དང་ ཕྱི་མི་ཚུ་ལས་ འཐུས་དངུལ་ཀྲམ་༡༠༠ རེ་དང་ འབྲུག་མི་ཚུ་ལས་ དངུལ་ཀྲམ་༣༠ རེ་ བསྡུ་ལེན་འབད་ཡོད་མི་དེ་ཡང་ མཚོའི་ལྷ་མོ་ལུ་ གསོལ་མཆོད་ཕུལ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་པས།
དེ་གི་ཧེ་མར་ སྤྱི་ལོ་༢༠༡༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཚོ་ཡོད་སའི་ ས་ཁོངས་ནང་ ཀླུ་ཁང་བཞེངས་ཏེ་ མཚོ་སྨན་གྱི་ གསེར་སྐུ་ཅིག་ཡང་ གནང་ནུག་ཟེར་ ཞུ་ནི་ཨིན།
ཚེ་རིང་སྒྲོལ་མ།
འགན་རོགས་ལེགས་བཤད་པ། སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ།

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *